[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་དབྱིན་ཇིས་མཉམ་དུ“གྲུབ་འབྲས་ཡག་ཤོས”སྔར་བས་མང་བ་གཏོད་རེ་བྱེད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-02

    ཟླ་1ཚེས་31ནས་ཟླ་2ཚེས་2ཉིན་བར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ་·མེས་ཀྲུང་གོར་འཚམས་འདྲི་བྱེད་པ་ནི་དབུ་བཞུགས་བློན་ཆེན་མེ་ཡིས་ལས་འགན་ཁུར་རྗེས་ཀྲུང་གོར་དངོས་སུ་འཚམས་འདྲི་བྱེད་ཐེངས་དང་པོ་དེ་རེད། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི“དུས་རབས་ཡག་ཤོས”ཀྱི་བྱ་གཞག་འགོ་ཚུགས་པའི་རྒྱབ་ལྗོངས་འོག་ད་ཐེངས་ཀྱི་སྤེལ་རེས་ཀྱིས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཐོབ་ནས་ཀྲུང་གོ་དང་དབྱིན་ཇིའི་མཉམ་ལས་ཐད“གྲུབ་འབྲས་ཡག་ཤོས”ཀྱི་མདུན་ལམ་བཟང་པོ་ཞིག་གཏོད་རེ་བྱེད་ཀྱི་ཡོད།

    དབུ་བཞུགས་བློན་ཆེན་མེས་ལས་འགན་འཁུར་བའི་དུས་ཡུན་དེ་ཙམ་རིང་པོ་མིན་ཡང་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་ལོ་རྒྱུས་རིང་ཞིང་། མི་སེམས་སུ་ཟབ་མོ་ཟུག་ཡོད། དབྱིན་ཇི་ནི་ཀྲུང་གོ་གསར་པ་ཁས་ལེན་མཁན་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཆེ་མོ་ཞིག་རེད། 2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲུབ་འབྲས་ལྡན་པའི་ངང་དབྱིན་ཇིར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་གནང་བ་དང་དབྱིན་ཇི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བའི“དུས་རབས་ཡག་ཤོས”ཤིག་བཏོད་གནང་ཡོད།

    2016ལོ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་མེ་ཡིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་མཉམ་དུ་ཞུགས་པ་དང་ཞལ་པར་སྐྱོན་རེས་གནང་བ་སོགས་ལ་བརྟེན་ནས་འབྲེལ་ལམ་རྒྱུན་འཁྱོངས་གནང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་གནང་ཡོད། ཀྲུང་གོ་དང་དབྱིན་ཇིས་བདེ་འཇགས་དང་། དཔལ་འབྱོར་རྒྱུ་ནོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་རིམ་པ་མཐོ་བའི་སྐད་ཆ་ཤོད་རེས་དང་ལམ་སྲོལ་རང་བཞིན་གྱི་སྤེལ་རེས་ཐད་བཀྲག་མདངས་འཚེར་ས་གཅིག་རྗེས་གཉིས་མཐུད་ངང་ཐོན་པར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བཏིངས་ཡོད། དབྱིན་ཇི་ནི་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ལ་ཞུགས་རྒྱུའི་འདུན་ཞུ་བྱེད་མཁན་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། ཀྲུང་གོས་དབྱིན་ཇིར་འཕར་ཚད་མགྱོགས་ཤོས་ཀྱི་ཕྱིར་གཏོང་ཁྲོམ་རའི་གྲལ་གྱི་གནས་བབ་མུ་མཐུད་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(དབྱི་ཝུའུ་ནས་ལོན་ཏོན་བར)ཕྱོགས་གཉིས་ནས་གཏོང་བ་དང་། ཀྲུང་གོ་དང་། དབྱིན་ཇི། ཧྥ་རན་སེ་བཅས་ཕྱོགས་གསུམ་མཉམ་ལས་ཀྱི་ཤིན་ཁེ་ལི་ཅའོ་ཡི་Cཡི་ཉིང་རྡུལ་གློག་གཏོང་རྣམ་གྲངས་སྐྲུན་འགོ་ཚུགས་པ་སོགས་མཉམ་ལས་ཀྱི་གྲུབ་འབྲས་རེ་རེ་ལས་ཀྲུང་གོ་དང་དབྱིན་ཇིའི“དུས་རབས་ཡག་ཤོས”གང་ལེགས་མངོན་ཡོད་པ་རེད།

    “དུས་རབས་ཡག་ཤོས”ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་རྩ་ཆེན་བསྐྲུན། 2018ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོས་ཕྱོགས་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུར་མུ་མཐུད་སྐུལ་འདེད་དང་ཁྲོམ་རའི་ཆོག་འཐུས་ལྷུག་གཏོང་ཤུགས་ཆེན་བྱས་ནས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཆབས་ཅིག དབྱིན་ཇི“གོ་ལ་ཡོངས་ལ་ཁྱབ་པའི་དབྱིན་ཇི”གཏོད་པའི་དུས་སྐབས་གསར་པ་ཞིག་ཏུ་སླེབས་པས། དབུ་བཞུགས་བློན་ཆེན་མེས་རང་མོས་ཉོ་ཚོང་དང་གོ་ལ་ཧྲིལ་པོའི་སྒྲིག་གཞིའི་མ་ལག་ལ་རྒྱབ་སྐྱོར་བྱས་ཏེ། “ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”རྒྱབ་ལྗོངས་འོག་ཀྲུང་གོ་དང་མཉམ་དུ་ཕན་ཚུན་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཀྱི་འདུན་པ་སྔར་བས་ཆེས་ཆེར་སོང་ཚུལ་བསྟན་ཡོད། དེ་ནི་དབྱིན་ཇི་ཕྱོགས་ཀྱི་ཚོང་དོན་ལས་རིགས་མི་སྣས་དབུ་བཞུགས་བློན་ཆེན་མེ་དང་མཉམ་དུ་ཀྲུང་གོར་འཚམས་འདྲི་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་ལོངས་སྤྱོད་བྱ་རྒྱུ་ཡིན་པ་སྨོས་མེད་རེད།

    “གྲུབ་འབྲས་ཡག་ཤོས”ཀྱིས་འགྲན་སློང་བསུ་བའི་མདུན་ལམ་དང་མཉམ་དུ་འགྲོགས། རྒྱལ་སྤྱིའི་གར་སྟེགས་ལ་བལྟས་ཚེ། དབྱིན་ཇིས་ཀྲུང་གོའི་ཤུགས་རྐྱེན་གལ་ཆེན་ལ་མཐོང་ཆེན་པོ་བྱེད་པ་དང་ཁྱབ་ཁོངས་མང་པོར་ཕྱོགས་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ཡོད། གོ་ལ་ཧྲིལ་པོར་གེགས་བར་འཕྲད་པ་དང་། ཉོ་ཚོང་སྲུང་སྐྱོང་རིང་ལུགས་ཀྱི་བསམ་བློའི་རླབས་རྒྱུན་གྱི་མགོ་བོ་འབུད་པའི་ད་ཆར་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་དེ་ཕྱོགས་གཉིས་པོའི་དོན་སྙིང་ལས་རིང་དུ་འདས་ཏེ་རྒྱལ་ཁབ་གཉིས་དང་ཐ་ན་གོ་ལ་ཧྲིལ་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ནས་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་འཕེལ་རྒྱས་མྱུར་པོའི་མདུན་ལམ་བཟང་པོ་ཞིག་ཡོང་རྒྱུ་རེད།

    དབྱིན་ཇིའི་ཚོང་དོན་བློན་ཆེན་ཀེ་ལེ་ཀེ་·ཁེ་ལ་ཁེས་དབྱིན་ཇི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས“གོ་སྐབས་ཡག་ཤོས”དམ་འཛིན་བྱས་ནས་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་འཕེལ་རྒྱས་བཏང་དང་གཏོང་བཞིན་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།