[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་གཉིས་པའི་ཐོག《ཕ་ནོམ་ཕེན་གྱི་བསྒྲགས་གཏམ》ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

     ཚེས་10ཉིན། རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་གཉིས་པ་ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་དུ་འཚོགས་པ་རེད། ད་ཐེངས་ཀྱི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“ང་ཚོའི་ཞི་བདེ་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་གཙང་པོ”ཡིན་པ་དང་ཚོགས་འདུའི་ཐོག《རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་གཉིས་པའི་ཕ་ནོམ་ཕེན་གྱི་བསྒྲགས་གཏམ》ཁྱབ་བསྒྲགས་བྱས་ནས་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་ལ་འབྱུང་འགྱུར་ལོ་བཅུའི་འཕེལ་རྒྱས་ཁ་ཕྱོགས་གསལ་སྟོན་བྱས་པ་རེད།

    བསྒྲགས་གཏམ་ནང་དུས་ཐུང་ལོ་གཉིས་མ་སོང་བར་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་དེ་མྱུ་གུ་འབུད་པའི་དུས་ནས་འཐུས་སྒོ་ཚང་བའི་ས་ཁོངས་མཉམ་ལས་ལམ་སྲོལ་དུ་འཕེལ་རྒྱས་སོང་ནས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ། འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ། ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལམ་སྲོལ་གལ་ཆེན་དུ་གྱུར་ཡོད་ཅེས་འཁོད་ཡོད།

    བསྒྲགས་གཏམ་ནང་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་ལས་ཆུའི་ཐོན་ཁུངས་མཉམ་ལས་ལྟེ་གནས་དང་། རྫ་ཆུ་དང་མའེ་ཀུང་གཙང་པོའི་ཁོར་ཡུག་མཉམ་ལས་ལྟེ་གནས། གོ་ལ་ཧྲིལ་པོའི་མའེ་ཀུང་གཙང་པོ་ཞིབ་འཇུག་ལྟེ་གནས་བཅས་བསྐྲུན་པ་དང་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཆེད་དོན་ཐེབས་རྩ་འཁོར་རྒྱུག་བྱེད་འགོ་ཚུགས་ཡོད་ཅེས་འཁོད་ཡོད།

    བསྒྲགས་གཏམ་ནང་ཚོགས་ཞུགས་འགོ་ཁྲིད་མི་སྣས་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་དང་པོའི་ཐོག་བཏོན་པའི་དུས་འགོའི་གྲུབ་འབྲས་ཐོབ་པའི་རྣམ་གྲངས་45དང་དེ་བཞིན་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་བཏོན་པའི་གྲོས་འགོ་13ལ་ཐོབ་པའི་ངོ་བོའི་རང་བཞིན་གྱི་འཕེལ་རིམ་ལ་བློ་ཡིད་ཧ་ཅང་ཚིམས་ནས་ཀྲུང་གོས་བཙུགས་པའི་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ཆེད་དོན་ཐེབས་རྩ་དང་དེ་བཞིན་རྫ་ཆུ་དང་མའེ་ཀུང་གཙང་པོའི་རྒྱལ་ཁབ་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱས་པར་བསྔགས་བརྗོད་ཆེན་པོ་བྱས་ཡོད་ཅེས་འཁོད་ཡོད།

    བསྒྲགས་གཏམ་ནང་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ཀྱིས་སྒོ་འབྱེད་ཁོང་ཡངས་ཀྱི་སྙིང་སྟོབས་གཙོ་བོར་བཟུང་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་སྒྲིག་གཞི་དང་མཉམ་དུ་དམིགས་བཀར་ཁྱབ་ཁོངས་བསྐྲུན་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་མཉམ་ལས་ཕྱོགས་ཡོངས་སྦྲེལ་མཐུད་བྱས་ཏེ་ད་ཡོད་ཀྱི་ས་ཁོངས་ཕལ་པའི་ལམ་སྲོལ་དང་ཕན་ཚུན་གསབ་རེས་དང་མཐུན་སྦྱོར་འཕེལ་རྒྱས་གཏོང་དགོས། གོ་ལ་ཧྲིལ་པོའི་སྟོབས་ཤུགས་ཀྱི་འགྱུར་ལྡོག་དང་འཕེལ་ཕྱོགས་ལ་གཞིགས་ནས《ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་འབྲེལ་སྦྲེལ་མཐུད་ཀྱི་སྤྱིའི་འཆར་འགོད་2025》དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གཞི་གཅིག་ཅན་གྱི་གྲོས་འགོ དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ དེ་བཞིན་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་མཉམ་ལས་བྱས་པ་བརྒྱུད། གཉིས་ཁེ་ཡོང་བ་བྱེད་དགོས་ཞེས་འཁོད་ཡོད།

    བསྒྲགས་གཏམ་ནང་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་མྱུ་གུའི་དུས་ནས་འཚར་ལོངས་དུས་བར་འཕེལ་རྒྱས་ཕྱིན་ཡོད། སླད་ཕྱིན་དམིགས་བཀར་ཁྱབ་ཁོངས་ལྔའི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་བསྐྱེད་གཏོང་བ་དང་། རྫ་ཆུ་དང་མའེ་ཀུང་གཙང་པོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་བླང་བྱར་བསྟུན་པ། མཉམ་ལས་རྣམ་པ་ལེགས་སུ་གཏོང་བ་བཅས་བྱས་ཏེ་རྫ་ཆུ་དང་མའེ་ཀུང་གཙང་པོ་རྒྱུག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁུལ་མཉམ་དུ་གཏོད་རྒྱུའི་ངོས་འཛིན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།