[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མ་ཁེ་རུན་གྱི་ཀྲུང་གོའི་འཚམས་འདྲིར་གྲུབ་འབྲས་ཡག་པོ་ཐོབ་པས་ཧྥ་རན་སེའི་སྨྱན་སྦྱོར་གྱིས་གདེང་འཇོག་མཐོ་པོ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

     ཧྥ་རན་སེའི་ཙུང་ཐུང་མ་ཁེ་རུན་གྱིས་ཟླ་1ཚེས་8ནས་ཚེས་10ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། ཕན་ཚུན་ཡིད་ཆེས་དང་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་གྱི་རྨང་གཞིའི་ཐོག་དམ་ཟབ་དང་རྒྱུན་མཐུད་ཀྱི་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་ཐག་བཅད་པ་རེད། ཧྥ་རན་སེའི་གཙོ་རྒྱུན་སྨྱན་སྦྱོར་ཁག་གཅིག་གིས་མ་ཁེ་རུན་གྱིས་ད་ཐེངས་ཀྲུང་གོར་འཚམས་འདྲི་གནང་བར་གྲུབ་འབྲས་ཡག་པོ་ཐོབ་པའི་ངོས་འཛིན་བྱས་པ་རེད།

    ཧྥ་རན་སེར་བྲིན་ཁ་རྒྱུག་ཤོས་ཀྱི《ཧྥེ་ཅ་ལོའི་ཚགས་པར》ཐོག་གནས་ཚུལ་སྤེལ་བར། མ་ཁེ་རུན་གྱིས་ད་ཐེངས་ཀྲུང་གོར་འཚམས་འདྲི་གནང་རིང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་པའི་བར། ཀྲུང་གོའི་འགོ་ཁྲིད་པ་དང་ཕྱོགས་ཡོངས་ནས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐད་ངོས་འཛིན་གཅིག་མཐུན་བྱུང་བས“ཕྱི་འབྲེལ་ཁྱབ་ཁོངས་སུ་གྲུབ་འབྲས་ཡག་པོ་ཐོབ་ཡོད”

    《ཧྥེ་ཅ་ལུའོ་ཚགས་པར》དྲ་ཚིགས་ཐོག་སྤེལ་བའི《ཧྥ་རན་སེས་ཀྲུང་གོ་དང་སྔར་བས་མཉམ་ལས་བྱེད་དགོས་དོན་གང་ཡིན་ནམ》ཞེས་པའི་རྩོམ་ཡིག་ནང་། ཧྥ་ཀྲུང་རྒྱལ་ཁབ་གཉིས་ཀ་དཔལ་འབྱོར་ཕྱོགས་སྒྱུར་གྱི་དུས་མཚམས་གལ་ཆེན་དུ་སླེབས་པས་གཉིས་ཁེ་གཉིས་ཕན་གྱི་གོ་སྐབས་མང་དག་ཅིག་ཐུན་མོང་ཐོག་གསར་སྤེལ་བྱེད་ཆོག ཧྥ་རན་སེའི་ཁེ་ལས་ཀྱིས་ནུས་རྒྱུ་གསར་པ་དང་། གད་སྙིགས་གཙང་སེལ། རྒན་གསོ། ཡུལ་སྐོར། རིག་གནས་སོགས་ཐོན་ལས་ཀྲུང་གོའི་ཁྲོམ་རའི་ཐོབ་སྐལ་གྱི་གཞི་ཁྱོན་ཆེ་རུ་གཏོང་ཆོག ཀྲུང་གོའི་མ་འཇོག་གིས་ཧྥ་རན་སེའི་རྣམ་གྲངས་ལ་མ་དངུལ་མཁོ་འདོན་བྱས་ནས་ཁྲོམ་རའི་ཁོར་ཡུག་འཁྲུག་ཆ་དོད་དུ་གཏོང་ཐུབ་ལ་ཧྥ་རན་སེར་ལས་ཞུགས་གསར་གཏོད་ཀྱང་བྱེད་ཐུབ། རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་ཀྱང“རྒྱུད་གཅིག་ལམ་གཅིག”ཁྱབ་ཁོངས་ཀྱི་རྒྱལ་ཁབ་དང་མཉམ་འབྲེལ་ཐོག་ཁྲོམ་ར་གསར་འབྱེད་བྱེད་ཐུབ་ཅེས་འཁོད་ཡོད།

    ཧྥ་རན་སེའི《བྲག་ཆ་ཚགས་པར》ཐོག་གནས་ཚུལ་སྤེལ་བར། མ་ཁེ་རུན་གྱིས“ཡིད་ཆེས་དང་། ལྷག་བསམ་རྣམ་དག འཛུགས་སྐྲུན་རང་བཞིན”བཅས་ཀྱི་ཐོག་ནས་ཁོང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་གྱི་སྤེལ་རེས་ལ་གདེང་འཇོག་གནང་བ་དང་ད་དུང“རྒྱུད་གཅིག་ལམ་གཅིག”ལ་རྒྱབ་སྐྱོར་གནང་ལུགས་བརྗོད་ནས་གྲོས་འགོ་འདི་ཧྥ་རན་སེ་དང་ཡོ་རོབ་ཀྱི་ཁེ་ཕན་དང་མཐུན་པའི་ངོས་འཛིན་གནང་བ་རེད། དེ་དང་ཆབས་ཅིག་འཚམས་འདྲི་གནང་རིང་མ་ཁེ་རུན་གྱིས་ཀྲུང་གོའི་མ་འཇོག་ལ་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་ཐེངས་མང་གནང་བ་རེད།

    ཧྥ་རན་སེའི《འཛམ་གླིང་ཚགས་པར》ཐོག《མ་ཁེ་རུན་གྱིས་ཀྲུང་གོ་དང་ཡིད་ཆེས་ཀྱི་འབྲེལ་བ་འཛུགས་འདོད》ཅེས་པ་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། མ་ཁེ་རུན་གྱིས“ཀྲུང་གོའི་རིག་གནས་ལ་སེམས་གཏིང་ནས་གུས་བཀུར་ཞུ་གི་ཡོད་ལ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ཀྲུང་གོས་སྒུལ་བྱེད་འཕྲུལ་འཁོར་ལྟ་བུའི་ནུས་པ་འདོན་སྤེལ་བྱས་པར་བསྔགས་བརྗོད་ཀྱང་བྱེད་ཀྱི་ཡོད”ཅེས་འཁོད་ཡོད་པ་རེད།

    《འཛམ་གླིང་ཚགས་པར》གྱི་དྲ་ཚིགས་ཐོག་ཧྥ་རན་སེའི་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་དཔལ་འབྱོར་རིག་པ་མཁས་ཅན་རུའོ་ཨེར·ལུའེ་ཨའེ་ཡིས་ཆེད་སྒྲིག་ལེ་ཚན་གྱི་རྩོམ་ཡིག་སྤེལ་ཏེ། དཔལ་འབྱོར་རྒྱལ་ཁབ་ཆེན་པོ་གཉིས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་ཧྥ་རན་སེས་གོ་ལ་ཧྲིལ་པོ་ཅན་གསར་པར་སྒྲོམ་གཞི་ཁ་གསལ་ཞིག་འགོད་ཆེད་ལེགས་སྐྱེས་ཕུལ་ནས་ལག་གདང་སྦྲེལ་ཏེ་འབྱུང་འགྱུར་གསར་གཏོད་བྱེད་ཆོག་ཅེས་འཁོད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།