[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།
  • ས་མཐོའི་མཁའ་ལམ་གྱི་འཕྲིན་སྐྱེལ་བ།

    “བགྲེས་སོང་ཀེ་ལགས”དང་ཁོང་གི་གྲོང་གསེབ་སྦྲག་སྐྱེལ་ལམ་བུ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   པད་མ་གཡང་མཚོས།    |    སྤེལ་དུས།   2018-01-09

    “ཁྱེད་རང་གིས་དམག་འཐབ་གྱོན་གོས་གཅིག་ལས་མི་གྱོན་པ་གང་ཡིན་ནམ། མགྱོགས་པོ་ལོག་ནས་ལྭ་རིང་ཞིག་གྱོན་ཤོག”ཅེས་དྲོད་ཚད་ཀླད་ཀོར་འོག་གི་ཧྲི་ཧྲེ་ཏུའུ་15ཟིན་པའི་ས་མཐོའི་གནམ་གཤིས་གྲང་མོའི་ཁྲོད་ཀེ་ཅུན་གྱིས་རི་སྟེང་གི་ན་གཞོན་དམག་མི་ལ་དེ་ལྟར་བརྗོད། མིག་མདུན་གྱི“གནམ་སྐས”གདུང་འདེགས་འཕྲང་ལམ་ནི་ཀྱག་ཀྱོག་ཆེ་ལ་གཡང་གཟར་བ་ཞིག་ཡོད་ཅིང་། ཁོང་གིས་ཤུགས་གང་ཡོད་བཏོན་ནས་ཐུམ་སྒྲིལ་རྩྭ་རས་གང་འཁྱེར་ཏེ་རི་སྟེང་དུ་ཡར་འཛེགས། “གནམ་སྐས”དེའི་མཐའ་མའི་སླེབས་ས་ནི་མཚོ་བོད་ལྕགས་ལམ་གྱི་ཟམ་པ་དང་པོ་སྟེ་གསུམ་མདོ་ཟམ་ཆེན་རེད། འདི་གར་བཅའ་སྡོད་བྱེད་མཁན་དྲག་ཆས་ཉེན་རྟོག་གི་དཔུང་སྡེ་ནི་སྦྲག་ཐོག་བསྐུར་བྱ་རྩིས་སྤྲོད་རྩིས་ལེན་བྱ་ཡུལ་གྱི་གྲས་ཤིག་ཡིན་པས་དམག་མི་ཚོས་ཀྱང་གཟའ་འཁོར་རེ་རེར་ཀེ་ཅུན་དང་ཁོང་གི་ལྗང་མདོག་སྦྲག་སྲིད་རླངས་འཁོར་སླེབས་རྒྱུར་རེ་སྒུག་བྱེད་ཀྱི་ཡོད།

    “ལོ་བདུན་གྱི་གོང་དུ་གདུང་འདེགས་འཕྲང་ལམ་དེར་ཐེངས་དང་པོ་འཛེགས་པ་ཡིན། སྐབས་དེ་དུས་ཕྱེད་ཀ་ཙམ་འཛེག་སྐབས་མགོ་འཐོམ་མིག་རིབ་ཏུ་གྱུར་ནས་ངལ་གསོ་རྒྱག་གིན་དུ་བསྐྱོད་པས་གཞི་ནས་སླེབས་ཀྱི་འདུག”ཅེས་འདི་ལོ་ལོ་42ལ་སླེབས་པའི་ཀོ་ཅུན་གྱིས་བརྗོད་པ་དང་། ཁོང་ནི་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སིའི་མཚོ་སྔོན་ཞིང་ཆེན་གོར་མོ་ཡན་ལག་ཀུང་སིའི་འཕྲིན་སྐྱེལ་བ་ཞིག་རེད། ཁོང་གིས་འགན་འཁུར་བའི་གོར་མོ་ནས་གདང་ལ་གྲོང་རྡལ་བར་གྱི་སྦྲག་སྐྱེལ་ལམ་བུ་ནི་སའི་གོ་ལའི“སྣེ་གསུམ་པར”གནས་ཡོད་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་གྱི་ཡོད།

    2009ལོར་གོར་མོ་ནས་གདང་ལའི་བར་གྱི་སྦྲག་སྐྱེལ་ལམ་བུ་ཤར་གཏོང་ཐུབ་ནས་ལམ་རྒྱུད་ཀྱི་སྲུང་སྐྱོང་ས་ཚིགས་དང་། ཆུ་འཐེན་འཕྲུལ་འཁོར་ས་ཚིགས། དམག་ཚུགས། འཕྲུལ་འདོན་ས་ཚིགས། གཞུང་ལམ་བདག་སྐྱོང་དུམ་བུ། གྲོང་མི་སོགས་ལ་ཞབས་འདེགས་ཞུ་འགོ་ཚུགས་ཡོད་པས་ས་ཆ་དེ་གའི་དམག་དམངས་ཀྱིས་བརྩེ་བ་ཆེན་པོའི་ངང“ཁྲུང་ཁྲུང་མཁའ་ལམ”ཞེས་བརྗོད་ཀྱི་ཡོད།

    “ལམ་འདིའི་ཐོག་བགྲེས་སོང་ཀེ་ལགས་ཀྱིས་ལོ་7རིང་སྦྲག་ཐོག་བསྐུར་བྱ་བསྐྱལ་ཡོད། ཐོག་མའི་དུས་ཀྱི་ལོ་གཅིག་ནང་ལམ་དུམ་དེའི་ཐོག་མི་གཞན་གྱིས་སྦྲག་ཐོག་བསྐུར་བྱ་སྐྱེལ་མྱོང་ཡོད། འོན་ཀྱང་རྗེས་སུ་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པས་སྐྱེལ་མཚམས་བཞག་པ་རེད། བགྲེས་སོང་ཀེ་ལགས་གཅིག་པུས་ད་བར་དུ་རྒྱུན་འཁྱོངས་བྱས་ཡོད”ཅེས་གོར་མོ་སྦྲག་སྲིད་ཐུམ་སྒྲིལ་མྱུར་སྐྱེལ་པུའི་ཅིང་ལི་གཞོན་པ་པའོ་ཅུན་ཧྥུང་གིས་བརྗོད་པ་དང་། ཁོང་གིས་ད་དུང“བགྲེས་སོང་ཀེ་ལགས”ཞེས་པ་དེ་ཡང་དོན་དམ་དུ་ལོ་མང་རིང་ལམ་རྒྱུད་དམག་དམངས་ཀྱིས་ཀེ་ཅུན་ལ་བརྩེ་བ་ཆེན་པོའི་འབོད་སྟངས་ཤིག་ཡིན་པ་དང་། བགྲེས་སོང་ཀེ་ལགས་སླེབས་སོང་ཟེར་ན་ཁོང་ཚོས་ཡུན་རིང་རེ་སྒུག་བྱེད་པའི་ཐུམ་སྒྲིལ་དེ་ཡང་སླེབས་པ་རེད་ཅེས་བརྗོད་ཀྱི་འདུག

    ཁུ་ནུ་རི་བོའི་ཐོག་ཁ་བས་བཀླུབས་པ་དང་། གྲང་རླུང་གིས་དེད་པའི་ཁ་བའི་འདབ་མ་སྤྲིན་ལྟར་སྣང་། ཀེ་ཅུན་གྱི་ལྗང་མདོག་སྦྲག་སྲིད་རླངས་འཁོར་དེ་ཡང་ལྷ་ཡུལ་དུ་སྐྱོད་པ་དང་གཉིས་སུ་མ་མཆིས། “ང་ད་ལྟ་ཁུ་ནུ་རི་བོའི་རི་འདབས་སུ་ཡོད། དགོང་མོའི་ཆུ་ཚོད་8པ་ལྷག་ཙམ་ལ་དམག་ཚུགས་སུ་སླེབས་པ་འདུག”ཅེས་ཀེ་ཅུན་གྱིས་བརྗོད་པ་དང་། ལམ་རྒྱུད་དམག་དམངས་ཀྱི་ཁ་པར་མང་པོ་འབྱོར་བ་ལས་ལམ་བར་གྱི་ཡུལ་པོའི་སྣང་བ་དེ་ཡང་རེ་ཞིག་ཡལ་བར་གྱུར། “དཔུང་སྡེའི་ཟ་ཁང་གིས་རྟག་ཏུ་ང་ལ་ལྟོ་ཆས་ཚ་པོ་ཉར་བ་དང་། ལམ་རྒྱུད་ཀྱི་འབྲོག་པས་ཀྱང་ང་ལ་འོ་ཇ་ཚ་པོ་བླུགས་ནས་ལམ་དུ་ཞུགས་སུ་འཇུག་གི་ཡོད”ཅེས་བརྗོད་ཀྱི་འདུག

    ཀེ་ཅུན་གྱིས་ཐོག་མའི་ཚགས་པར་སྐྱེལ་བ་ནས་ད་ཆ་གཟའ་འཁོར་རེ་རེར་ཐུམ་སྒྲིལ་100ལྷག་ཙམ་སྐྱེལ་གྱི་ཡོད། ལོ་མང་རིང་གི་གྲུབ་འབྲས་ཆེ་ཤོས་ནི་ལམ་རྒྱུད་དམག་དམངས་ཀྱིས་ཡིད་ཆེས་དང་ཁས་ལེན་བྱས་པ་དེ་རེད། ཁས་ལེན་དེ་ནི་ང་གཅིག་པུར་བྱས་པ་ཞིག་མིན་པར་མི་རྣམས་ཀྱིས་ཀྲུང་གོའི་སྦྲག་སྲིད་ལ་ཡིད་ཆེས་དེ་བས་མང་བ་བྱས་པ་ཞིག་རེད། ཀྲུང་གོའི་སྦྲག་སྲིད་ཀྱིས་ས་ཐག་རིང་བའི་ལུང་ཁུག་ཏུ་ཞབས་འདེགས་ཞུ་བ་མ་ཟད། ད་དུང་མེས་རྒྱལ་གྱི་ཕྱོགས་བཞི་མཚམས་བརྒྱད་ལ་ཞབས་འདེགས་ཞུ་གི་ཡོད་ཅེས་བརྗོད་པ་དང་། ཁོང་གིས་དེ་ཐོག་ནས་ཀྲུང་གོའི་སྦྲག་སྲིད་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མཚོན་གྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག

    ཀེ་ཅུན་ནི“སྦྲག་སྲིད་ཁྱིམ་རྒྱུད”ནང་སྐྱེས་པ་དང་། སྤོ་བོ་ལགས་ཀྱིས་སྐབས་དེ་དུས་ནུབ་བྱང་ཆེ་མོར་རོགས་སྐྱོར་བྱས་པས་མཚོ་སྔོན་སྦྲག་སྲིད་ཀྱི་འཕྲིན་སྐྱེལ་བར་གྱུར་བ་དང་། 1972ལོར་སྤོ་བོ་ལགས་གྲོངས་རྗེས་པཱ་ལགས་ཀྱིས་འཕྲིན་སྐྱེལ་བའི་ལས་ཀ་མུ་མཐུད་བྱས་ཏེ་ཁྱིམ་ཚང་གི་ཀ་རྟེན་ལྟ་བུར་གྱུར། 1998ལོར་དཔུང་སྡེ་ནས་དམག་ཞབས་ཐིམ་ནས་ཕྱིར་ལོག་རྗེས་ཀེ་ཅུན་དངོས་སུ་འཕྲིན་སྐྱེལ་བ་ཞིག་ཏུ་གྱུར་པ་རེད།

    “དེ་སྔ་འཕྲིན་ཡིག་གཅིག་གིས་མི་རྣམས་ལ་འཚོར་བའི་དྲོ་སྐྱིད་དེ་འདྲ་ངས་དུས་རྟག་ཏུ་དྲན་གྱི་འདུག འཕྲིན་ཡིག་རེ་སྒུག་ཆེན་པོ་བྱེད་པའི་འཐབ་འཛིང་པ་ཆུང་ཆུང་དེ་དག་མཐོང་རིམ་བཞིན‘བགྲེས་སོང་ཀེ་ལགས་སྐུ་ལས་ཁག་སོང’ཞེས་པ་ཐོས་རྒྱུ་འདུག ཁོར་ཡུག་ཞན་པོ་དང་ལམ་ཐག་ཡུལ་པོ་ནི་བྱ་བ་ཆུང་ཙག་ཅིག་རེད”ཅེས་ཀེ་ཅུན་གྱིས་བརྗོད་ཀྱི་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།