[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།
  • ན་ནིང་གི་ཟླ་12པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་ཕྱི་རྒྱལ་དངུལ་འགྲུལ་གྲབས་གསོག་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་3.14ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་ཕྱི་རྒྱལ་གྱི་དངུལ་འགྲུལ་གྲབས་གསོག་བྱེད་ཚད་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། 2017ལོའི་ཟླ་12པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་ཕྱི་རྒྱལ་དངུལ་འགྲུལ་གྲབས་གསོག་བྱེད་ཚད་ཨ་སྒོར་དུང་ཕྱུར་31399ཟིན་ནས་ཟླ་11པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་207འཕར་ནས་འཕར་ཚད་0.66%ཟིན་ཏེ་ཟླ་བཅུ་གཅིག་བསྟུད་མར་འཕར་ཡོད་པ་རེད།

    རྒྱལ་ཁབ་ཕྱི་རྒྱལ་དངུལ་འགྲུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་2017ལོའི་ཟླ་12པར་རང་རྒྱལ་གྱི་མངའ་ཁོངས་སྒྲོལ་བའི་མ་དངུལ་འགྲོ་རྒྱུག་དང་མངའ་ཁོངས་ཕྱི་ནང་གི་བྱེད་པོའི་ཉོ་ཚོང་བྱ་སྤྱོད་སྔར་བས་བརྟན་པོ་དང་དོ་སྙོམས་བྱུང་ཡོད། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རར་སྤྱིའི་ཆ་ནས་འཕར་ཆག་ཕྲན་ཙམ་བྱུང་ཞིང་། གཙོ་བོ་ཨ་སྒོར་མིན་པའི་དངུལ་ལོར་གྱི་འཛའ་ཐང་དང་རྒྱུ་ནོར་གྱི་རིན་གོང་འཕར་ནས་ཕྱི་རྒྱལ་དངུལ་འགྲུལ་གྲབས་གསོག་བྱེད་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད་ཅེས་བཤད་པ་རེད།

    2017ལོ་ཧྲིལ་པོར་བལྟས་ན། ཕྱི་རྒྱལ་དངུལ་འགྲུལ་གྲབས་གསོག་བྱེད་ཚད་ཟླ་1པོར་ཨ་སྒོར་དུང་ཕྱུར་29982བར་ཆག་རྗེས་བརྟན་པོའི་ངང་འཕར་བ་དང་། ལོ་འགོ་དང་བསྡུར་ན་ལོ་མཇུག་ཏུ་ཨ་སྒོར་དུང་ཕྱུར་1294འཕར་ནས་འཕར་ཚད་4.3%ཟིན་ཡོད་པ་རེད། 2017ལོར་རང་རྒྱལ་གྱི་སྤྱི་ཁོག་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་བརྟན་ཁྲོད་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་མངའ་ཁོངས་སྒྲོལ་བའི་མ་དངུལ་འགྲོ་རྒྱུག་དེ་བས་བརྟན་པོ་དང་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད། རྒྱལ་སྤྱིའི་གཏོང་ཡོང་དུས་བབ་བརྟན་པོ་ཡོད་པ་དེས་ཕྱི་རྒྱལ་དངུལ་འགྲུལ་གྲབས་གསོག་བྱེད་ཚད་མུ་མཐུད་བརྟན་པོའི་ངང་འཕར་རྒྱུར་འགན་ལེན་བྱུང་ཡོད་པ་རེད།

    འགན་ཁུར་བ་དེས་2018ལོར་རང་རྒྱལ་གྱི་དཔལ་འབྱོར་ལས་དོན་ཐད་བརྟན་ཁྲོད་ཡར་བརྩོན་གྱི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་མཐའ་འཁྱོངས་བཅས་བྱས་ཏེ་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གི་བརྟན་པོའི་རང་བཞིན་དང་མཉེན་པོའི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་སོང་བ་དེས་བརྟན་ཁྲོད་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུར་ཆ་རྐྱེན་བྱུང་བ་རེད། གོ་ལ་ཧྲིལ་པོའི་དཔལ་འབྱོར་རྒྱུན་མཐུད་འཕར་བ་ལས་ཕྱི་རོལ་གྱི་དགོས་མཁོ་འཕར་བ་དང་། དངུལ་རྩའི་ཁྲོམ་ར་སྔར་བས་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བ། ཁྲོམ་རའི་སྔོན་དཔག་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་བཅས་ཀྱི་རྒྱབ་ལྗོངས་འོག་མ་འོངས་པར་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་དང་ཕྱི་རྒྱལ་དངུལ་འགྲུལ་གྲབས་གསོག་བྱེད་ཚད་དོ་སྙོམས་དང་བརྟན་པོ་རྒྱུན་འཁྱོངས་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།