[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།
  • འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོར་གཞོན་ནུ་ལོ་ཆུང་རྒྱགས་པ་ཆགས་ཚད་ལོ་40རིང་ལྡབ་10 འཕར་ཡོད་ཅེས་བརྗོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-13

    ཟླ་10ཚེས་11ཉིན་ནི་འཛམ་གླིང་གི་ཤ་རྒྱགས་པའི་མནའ་འབྲེལ་གྱིས་གཏན་འཁེལ་བྱས་པའི“འཛམ་གླིང་གི་ཤ་རྒྱགས་པའི་ཉིན་མོ”ཡིན་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་སྒྲིག་གཞིས་དབྱིན་ཇིའི་གསོ་རིག་དུས་དེབ《ལྕང་ལོའི་གྲི》ཞེས་པའི་ཐོག་བཏོན་པའི་སྙན་ཞུའི་ནང་། གོ་ལ་ཧྲིལ་པོར་བྱིས་པ་དང་གཞོན་ནུ་ལོ་ཆུང་རྒྱགས་པ་ཆགས་ཚད་འདས་ཟིན་པའི་ལོ་40ཡི་ནང་ལྡབ་10འཕར་བ་དེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་བདེ་ཐང་གི་ཉེན་ཁར་གྱུར་ཡོད་ཅེས་བརྗོད་པ་རེད།

    སྙན་ཞུ་དེའི་ཐོག་ལོ་5ཡན་ལ་སླེབས་པའི་མི་ཚོགས་དུང་ཕྱུར་1.3ཙམ་གྱི་གཟུགས་པོའི་ལྗིད་ཚད་དང་གཟུགས་པོའི་རིང་ཚད་ཀྱི་གཞི་གྲངས་དབྱེ་ཞིབ་བྱས་པའི་ནང་ལོ་5ནས་19བར་གྱི་མི་འབོར་ཁྲི་3150དང་། ལོ་20དང་དེ་བཞིན་དེ་ཡན་གྱི་མི་འབོར་ཁྲི་9740ཚུད་པ་དེས་1975ལོ་ནས་2016ལོའི་བར་གྱི་གོ་ལ་ཧྲིལ་པོའི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་གཟུགས་པོའི་རིང་ཚད་དང་གཟུགས་པོའི་ལྗིད་ཚད་ཀྱི་སྟོན་གྲངས་དང་རྒྱགས་པ་ཆགས་པའི་འགྱུར་ལྡོག་འགྲོ་ཚུལ་བསྟན་པ་དེ་ནི་ད་བར་དར་ཁྱབ་ཆེ་བའི་ནད་རིགས་རིག་པའི་ཞིབ་འཇུག་ནང་ཞུགས་མཁན་མི་གྲངས་མང་ཤོས་ཤིག་ཡིན་པ་རེད།

    གྲངས་གཞི་ལས་མངོན་པར། 1975ལོར་གོ་ལ་ཧྲིལ་པོའི་བྱིས་པ་དང་གཞོན་ནུ་ལོ་ཆུང་རྒྱགས་པ་ཆགས་ཚད་1%ཡང་མ་ཟིན་པ་དང་རྒྱགས་པ་ཆགས་པའི་མི་གྲངས་བུ་མོ་ཁྲི་500དང་བུ་ཁྲི་600ཟིན་པ་དང་། 2016ལོར་རྒྱགས་པ་ཆགས་ཚད་བུ་མོའི་ཁྲོད་6%དང་མི་གྲངས་ཁྲི་5000ཙམ་ཟིན་པ་དང་། བུའི་ཁྲོད་8%ཙམ་དང་མི་གྲངས་ཁྲི་7400ཙམ་ཟིན་ཡོད། ཕྱོགས་བསྡུས་ཐོག་ནས་བལྟས་ཚེ་ལོ་5ནས་19བར་གྱི་རྒྱགས་པ་ཆགས་པའི་མི་གྲངས་1975ལོའི་ཁྲི་1100ནས་2016ལོའི་དུང་ཕྱུར་1.24བར་མང་དུ་ཕྱིན་ནས་ལོ་40ནང་ལྡབ་10ཡན་འཕར་ཡོད་པ་རེད།

    སྙན་ཞུ་ལས་སྔོན་དཔག་ལྟར་ན། འཕེལ་ཕྱོགས་དེ་མུ་མཐུད་རྒྱུན་མཐུད་བྱས་ཚེ་2022ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་བྱིས་པ་དང་གཞོན་ནུ་ལོ་ཆུང་རྒྱགས་པ་ཆགས་པའི་མི་གྲངས་ཤ་སྐམ་པོ་ལས་བརྒལ་རྒྱུ་ཡིན་པ་རེད།

    “མི་རྣམས་སེམས་ཁྲལ་བྱེད་པའི་འཕེལ་ཕྱོགས་དེ་དག་གིས་གོ་ལ་ཧྲིལ་པོའི་བཟའ་བཅའ་ཚོང་གཉེར་དང་སྲིད་ཇུས་ཀྱི་ཤུགས་རྐྱེན་མཚོན་ཡོད”ཅེས་སྙན་ཞུའི་རྩོམ་པ་པོ་གཙོ་བོ་དང་དབྱིན་ཇིའི་བཙན་རྒྱལ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གི་མ་ཅིས་ཏེ·དབྱི་ཀྲ་ཏིས་བཤད།

    ཁོང་གིས་བདེ་ཐེང་དང་འཚོ་བཅུད་ལྡན་པའི་བཟའ་བཅའ་ནི་ཁྱིམ་ཚང་དབུལ་པོ་དང་སྡེ་ཁུལ་གྱི་ངོས་ནས་བརྗོད་ན་རིན་གོང་མཐོ་ཙམ་ཡིན་པས་སྤྱི་ཚོགས་ཀྱིས་རོགས་རམ་དེ་བས་མང་བ་བྱས་ཏེ་ཁྱིམ་ཚང་དབུལ་པོ་དང་སྡེ་ཁུལ་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་བདེ་ཐང་ལྡན་པའི་བཟའ་བཅའ་དེ་བས་མང་བ་ཐོབ་པ་བྱེད་དགོས། འབྲེལ་ཡོད་ཚན་པས་ད་དུང་ཁྲིམས་སྲོལ་དང་ཁྲལ་བསྡུའི་ཐོག་ནས་བྱིས་པར་བདེ་ཐང་མེད་པའི་བཟའ་བཅའི་ཤུགས་རྐྱེན་མི་ཕོག་རྒྱུར་སྲུང་སྐྱོབ་བྱེད་དགོས། དེ་ལས་ལྡོག་ཚེ་བྱིས་པ་དང་གཞོན་ནུ་ལོ་ཆུང་རྒྱགས་པ་དེ་དག་ལ་གཅིན་སྙི་ཟགས་ཁུའི་ནད་སོགས་ཕོག་པའི་ཉེན་ཁ་ཧ་ཅང་ཆེན་པོ་འཕྲད་རྒྱུ་རེད་ཅེས་བཤད།

    ཇུས་གཞི་ཐག་གཅོད་བྱེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དེ་དང་ཆབས་ཅིག་བྱིས་པ་རྒྱགས་པ་ཆགས་མཚམས་འཇོག་པའི་འཆར་གཞི་ཞིག་ཁྱབ་བསྒྲགས་བྱས་པ་དེས་རྒྱལ་ཁབ་ཁག་ལ་མཛུབ་ཁྲིད་གསལ་པོ་བྱས་པ་དང་དེའི་བྱ་ཐབས་ནང་བདེ་ཐང་ལྡན་པའི་བཟའ་བཅའ་བཟའ་རྒྱུར་སྐུལ་འདེད་དང་ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། ཕྲུ་གུ་མ་འཁོར་གོང་དང་ཕྲུ་གུ་འཁོར་རིང་གི་འཕྲོད་སྦྱོར་ལ་ཤུགས་སྣོན་རྒྱག་པ། བྱིས་པའི་ཐོག་མའི་བཟའ་བཏུང་དང་གཟུགས་པོའི་སྦྱོང་བརྡར་ལ་མཛུབ་ཁྲིད་བྱེད་པ། སློབ་ལོ་ལོན་པའི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་འཚོ་བཅུད་དོ་དམ་སོགས་བྱེད་ཤུགས་ཆེ་རུ་གཏོང་བ་ཚུད་ཡོད།

    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྣམ་གྲངས་མཐུན་སྦྱོར་པ་ཧྥེ་ཨའོ་ན·པུའར་གྱིས་བྱིས་པས་གོང་ཁེ་བ་དང་། ལས་སྣོན་བྱེད་དྲགས་པ། ཚ་ནུས་མཐོ་ལ་འཚོ་བཅུད་དམའ་བའི་བཟའ་བཅའ་ཉུང་ཙམ་བཟའ་བ་དང་ཆབས་ཅིག་ལུས་རྩལ་སྦྱོང་བརྡར་དང་ཕྱི་རོལ་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་སྦྲགས་གློག་རྡུལ་སྒྲིག་ཆས་སྤྱོད་པ་དང་ཡུན་རིང་སྡོད་པའི་དུས་ཚོད་ཐུང་དུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།