[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྨྱུག་སོན་ནོར་སངས་ཀྱི་སྙན་ཚོམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-19

    དུས་ཚོད་ཀྱི་མགྱོཌ་བྲིས།

    སྐད་ཅིག་མའི་དུས་ཚོད་ཀྱི་བྲང་གཞུང་ནས།

    ལྡིག་ལྡིག་ཏུ་འཕགས་པའི་སྙིང་ཁ་མར་མནན་ཏེ།

    ལྷོད་དྲགས་པའི་འཚོ་བའི་ངོ་ལ་འགྲམ་པ་སྦྱར་དུས།

    ཐོབ་ཤོར་ལ་མཚམས་ཚིགས་ཤིག་མི་འདུག

    ཆེས་མྱུར་བའི་དུས་ཚོད་ཀྱི་པང་ཁ་ནས།

    ལྡིག་ལྡིག་ཏུ་འཕགས་པའི་སྙིང་ཁ་མར་མནན་ཏེ།

    ཆེས་སྙན་པའི་སྐད་ཆའི་ཕྱི་ནང་ལ་བསམས་དུས།

    འདས་སོང་ལ་ཆ་འཇོག་ཅིག་མི་འདུག

    སེ་གོལ་གཏོགས་ཙམ་གྱི་དུས་ཚོད་ཀྱི་རབ་ཁ་ནས།

    ལྡིག་ལྡིག་ཏུ་འཕགས་པའི་སྙིང་ཁ་མར་མནན་ཏེ།

    སོས་དལ་གྱི་ད་ལྟའི་གོང་འོག་ལ་བསམས་དུས།

    ཕྱིས་འབྱུང་ལ་འདང་རྒྱག་ཅིག་མི་འདུག

    ངའི་དུས་ཚོད། ང་ལ་དབང་ཆོག་པར་ཞུ།

    ངའི་དུས་ཚོད།

    ང་ལ་དབང་ཆོག་པར་ཞུ།

    དེ་ལ་རྒྱུ་མཚན་གཞན་ཤོད་མི་དགོས།

    འགན་འཁྲི་ཞེས་པའི་མིང་ཚིག་གིས་དཔང་པོ་བྱས་ཆོག

    ངའི་དུས་ཚོད།

    ང་ལ་དབང་ཆོག་པར་ཞུ།

    དེ་ལ་གནས་ལུགས་གཞན་དྲངས་མི་དགོས།

    འདུ་ཤེས་ཞེས་པའི་ཐ་སྙད་ཀྱིས་འགྲེལ་པ་བྱས་ཆོག

    ངའི་དུས་ཚོད།

    ང་ལ་དབང་ཆོག་པར་ཞུ།

    དེ་ལ་ཐེ་ཚོམ་གང་ཡང་བྱེད་མི་དགོས།

    དྲང་བདེན་གྱི་སྐད་ཆས་ཚིག་ཐག་བཅད་ཆོག

    ཁྱོད་ནི་བྱིས་པ་ཞིག་རེད།

    ཁྱོད་ནི་བྱིས་པ་ཞིག་རེད།

    ཨ་ཕའི་དཔྲལ་བའི་མིག་དང་།

    ཨ་མའི་ཁོག་གི་སྙིང་རེད།

    ཁྱོད་ནི་བྱིས་པ་ཞིག་རེད།

    ལོ་ངོ་གསུམ་སྔོན་གྱི་སྟོན་ཁར།

    མིག་ཆུ་འདོན་གྱིན།

    བྱིས་གསོ་ཁང་གི་སྒོ་ཐེམ་བརྒལ་མཁན་གྱི།

    བྱིས་པ་ཆུང་ཆུང་དེ་རེད།

    ཁྱོད་ནི་བྱིས་པ་ཞིག་རེད།

    ལོ་ངོ་གསུམ་རྗེས་ཀྱི་དབྱར་ཁར།

    བཤེས་གཉེན་གྱི་བདུད་རྩིའི་བཀའ་སློབ།

    གྱ་ནོམ་པ་སྙིང་ཁོང་དུ་བཅུག་སྟེ།

    དགའ་སྤྲོའི་འཛུམ་མདངས་དང་བཅས།

    བྱིས་གསོ་ཁང་ནས་སློབ་མཐར་ཕྱིན་པའི།

    བྱིས་པ་བསམ་ཤེས་ཅན་དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།