[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • བདེ་སྐྱིད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཟླ་གཞོན།    |    སྤེལ་དུས།   2019-11-03

    ང་རང་ཉིན་རྒྱུན་རང་ཁྱིམ་ནས་ལྷོད་ཅག་གེར་འདུག་རྒྱུར་དགའ། དྲོད་འཇམ་གྱི་ཉི་འོད་སྒེའུ་ཁུང་ལས་ཁྱིམ་དུ་འཛུལ་དུས། ངས་དཔེ་སྒྲོམ་ནང་གི《བདེ་སྐྱིད་ཀྱི་བསྟན་བཅོས》ཟེར་བའི་དཔེ་དེབ་ལ་ཅེར་ནས་རང་ཉིད་ལས་ཕྱུག་པའི་མི་ཞིག་འཇིག་རྟེན་འདིར་མི་འདུག་སྙམ་སོང་།

    ཞོགས་པ་ནས་ས་སྲོད་བར་དུ་ཉི་འོད་ངའི་རྐུབ་སྟེགས་དང་འབྲལ་མི་སྲིད། དེ་ནི《བདེ་སྐྱིད་ཀྱི་བསྟན་བཅོས》ངའི་དཔེ་སྒྲོམ་དང་བྲལ་མི་སྲིད་པ་ཇི་བཞིན་ནོ། 

    ངས་བདེ་སྐྱིད་མཐོང་བྱུང་། བདེ་སྐྱིད་ཀྱིས་ང་རང་རྙེད་སོང་། བདེ་སྐྱིད་ནི་གཞོན་ནུ་མ་ཞིག་རེད། ཁོ་མོས་ངའི་འགྲམ་པར་འོ་ཞིག་བྱེད་ཞོར། སྙན་ངག་པ། ཁྱེད་རང་ང་བདེ་སྐྱིད་ལས་ཀྱང་བདེ་སྐྱིད་ལྡན་འདུག་ཟེར། ཕྱི་རོལ་ནས་ནམ་ཡང་སྙིང་ལ་གཟན་པའི་འཛེར་སྐད་གྲགས་འོངས། ཙག་དང་ཁ་བས་རི་ལུང་སྤང་གསུམ་འཁྱགས་ལ་སྦྱར་སོང་། རང་ཁྱིམ་ཁོ་ནར་བདེ་སྐྱིད་དང་འཕྲད་སྲིད། 

    བདེ་སྐྱིད་ནི་དྲོད་ལམ་ལམ་གྱི་མེ་ཕུང་ཞིག བདེ་སྐྱིད་ནི་སྙན་ལྷང་ལྷང་གི་གླུ་གཞས་ཤིག ཡང་ན། བདེ་སྐྱིད་ནི་བུ་མོ་མཛེས་མ་ཞིག ཟུར་མིག་རྣོན་པོ་ཞིག 

    ངས་དྲོད་ལམ་ལམ་གྱི་རང་ཁྱིམ་ནས། བདེ་སྐྱིད་ཟེར་བའི་བུ་མོ་དེ་སྙིང་ཁར་སྦྱར་ནས། ཁོ་མོ་དང་མཉམ་དུ་སྤྲིན་གྱི་ཡོལ་བ་དལ་གྱིས་ཕྱེ་ནས། ཉི་ཟླའི་བཞུད་ལམ་ནས་བདེ་སྐྱིད་ཟེར་བའི་མན་ངག་ཅིག་བཙལ་བ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།