[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ཟ་མི་ཕོད་པའི་ཤ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསོད་ནམས།    |    སྤེལ་དུས།   2019-11-03

    དུས་ཚོད་ནི་ཆུ་རྒྱུན་བཞུར་བ་དང་གཉིས་སུ་མེད་པས། དྲོ་འཇམ་གྱི་ནམ་ཟླ་དེ་སྣང་བ་མེད་པའི་ངང་འདས་ཏེ་དབྱར་དུས་ནི་འཁྱུག་ཙམ་གྱི་རྨི་ལམ་ཞིག་ཡིན་པ་ལྟར་སྣང་། སྲོག་ཆགས་ཀུན་གྱིས་མི་འདོད་པའི་གྲང་བའི་རེག་བྱས་ཤ་ཁྲག་དྲོན་མོའི་ལུས་ཁམས་གཙེས་ཤུར་ཤུར་བྱེད་པས། སུ་ཞིག་གིས་ཀྱང་བསྐུལ་མཁན་མི་དགོས་པར། ཨ་ཆུ་ཆུ་ཞེས་པའི་འོ་དོད་དེ་སྐྱེ་བོ་ཕལ་ཆེ་བའི་ངག་ནས་རང་དགར་ཐོན།

    མཚན་ཚད་སྐར་མ་སྨིན་དྲུག་གིས་བྱེད་པའི་རྫོགས་ལྡན་སྟོན་གྱི་ནམ་ཟླ་ཕར་ལ་སོང་མ་ཐག་སླར་ཡང་ལས་རེས་གསར་པ་ཇི་བཞིན་མཚན་མོའི་ནམ་མཁར་མཚན་ཚད་སྐར་མ་སྨལ་པོས་བྱེད་པའི་དུས་འདི་ཤར་བས། གང་སའི་མི་རྣམས་ཀྱིས་སྨལ་པོ་བཤས་ཀྱི་ཟླ་བ་ཤར་སོང་ཞེས་ཟེར། གནམ་གཤིས་གྲང་བའི་སྤུ་གྲི་རྣོན་པོ་དེ་ལུས་ཅན་ཀུན་ལ་རེག་པ་དང་སྦྲགས། རང་བྱུང་རྩྭ་ཆུས་ལུས་ཁམས་གསོས་པའི་དཀར་ནག་ཕྱུགས་རིགས་ཧ་ཅང་མང་པོ་ཞིག་བཤན་གྲིའི་སོ་ངར་ལ་དྲངས་ཏེ་དབུགས་རྒྱུ་གཅོད་བཞིན་ཡོད་པས། ཁོ་བོས་མཚན་དགུང་དུ་མགོ་བོ་ནམ་མཁར་ཕྱོགས་ནས་མིག་ཟུང་ཅེ་རེར་སྐར་ཚོགས་ལ་ལྟ་སྐབས། སྐར་དཔྱད་མཁས་པས་བཤད་པ་ལྟར་ཕྲེད་གཞུང་སོ་སོར་སྐར་མ་གསུམ་ཙམ་རེ་གྲལ་དུ་སྟར་ཞིང་། རྐང་ལག་དང་མགོ་བོ། མཇུག་མ་བཅས་ཀྱི་རྟགས་མཚན་གསལ་བའི་སྐར་མ་སྨལ་པོ་དེ་ནི་དངོས་གནས་འཇིགས་སུ་རུང་བའི་བཤན་པའི་མགོ་གཙོ་ཞིག་ནམ་མཁའི་མཐོངས་སུ་འགྱིངས་ནས་རྫིག་ཉམས་སྟོན་པ་ལྟར་མངོན།

    གཟུགས་མེད་ཀྱང་གྲང་རླུང་དེ་ནི་ཅི་འདྲའི་ཨུ་ཚུགས་ཅན་ཞིག་དང་། སྙིང་རྗེ་བྲལ་བའི་གདུག་རྩུབ་ཅན་ཞིག་ཅིས་ཀྱང་མ་ཡིན་ནམ། གྲང་རླུང་བསིལ་པོ་དེས་སྒོ་དང་སྒེའུ་ཁང་གི་སུབ་ཀ་ནས་ཁང་པའི་དྲོད་ལའང་འཇབ་རྒོལ་བྱེད་པའི་དགུན་དུས་ཀྱི་ཞོགས་པ་སྔ་པོ་ཞིག་ཕྱི་ལོགས་ནས། ཏག་ཏག་ཏག་ཅེས་བདག་གི་ཁང་པའི་སྒོ་ལན་མང་བརྡུངས་བྱུང་། ཨ་ཡ་མཚན། སྒོ་ཐོད་དུ་སྒོ་དྲིལ་བསྒར་ཡོད་ཀྱང་། དེ་མ་དཀྲོག་པར་སྒོ་རྡུང་མཁན་དེ་ཡང་སྙིང་སུ་ཞིག་ཡིན་ནམ། གྲོང་གསེབ་པ་ཞིག་ཡིན་པ་ཐག་ཆོད་ཅེས། ངས་རང་ཉིད་བཀྲུས་ཀྱང་དག་ཐབས་མེད་པའི་གྲོང་གསེབ་པའི་རྗེས་རབས་པ་ཞིག་ཡིན་པ་གཏིང་བརྗེད་སོང་ནས་དེ་ལྟར་ཆིག་ལབ་རྒྱག་གིན་སྒོ་འབྱེད་པར་སོང་།

    སྒོ་ཁར་ལངས་བསྡད་པའི་སྐྱེས་དར་མ་དེས་ལུས་སྟོད་ལ་བྱ་སྤུའི་བར་འཚང་བརྒྱབ་པའི་སྟོད་གོས་ནག་པོ་ཞིག་གྱོན། རྐང་པར་ལུག་ལྤགས་ཀྱིས་ནང་འཚང་བརྒྱབ་པའི་དམག་མིའི་ལྤགས་འཇུ་སྨྱུག་ལྗང་ཞིག་གྱོན་འདུག་པ་ནི། གྲང་རེག་ལ་འགོག་རྒོལ་བྱེད་པའི་དྲག་ཆས་སྤྲས་པ་ལྟར་སྣང་། སྐྱེས་པ་དེས་ཁོ་བོ་མཐོང་མ་ཐག་དགོད་འཛུམ་འཛུམ་ངང་། འ་རྫི་ཅོག་སྐལ་བཟང་ལགས་ཁམས་བཟང་ཞེས་ཟེར། ངས་ལྟ་ཡག་བྱེད་སྐབས། རྒྱུན་རིང་མ་ཐུག་པའི་སྐྱེས་པ་དར་མ་དེ་ནི་ཕ་ཡུལ་དུ་ཁྱིམ་མཚེས་ཡིན་པའི་ཅོག་དགྲ་འདུལ་ལགས་རེད་འདུག ཡར་ཕེབས་ཞེས་ཁྱིམ་དུ་གདན་དྲངས་ནས་གསོལ་ཇ་ཞུས། ཁོང་གིས་ཕྱག་ཏུ་བསྣམས་པའི་ཤོག་སྒམ་དེར་མཛུབ་མོ་འཛུགས་ཀྱིན། ཅོག་སྐལ་བཟང་ལགས། ཤོག་སྒམ་འདི་ཁྱེད་ཀྱི་ཁྱིམ་ནས་བསྐུར་གནང་བྱུང་། འདི་གསོལ་ཀྲུམ་སྐམ་པོ་ཡིན་ཞེས་གསུང་གི་འདུག་ཅེས་བཤད།

    ངས་ཤོག་སྒམ་དེར་ལག་པ་འཆང་ཙམ་གྱིས། ཅོག་དགྲ་འདུལ་ལགས། ཕ་ཡུལ་དུ་བཤས་བཏང་ཚར་བ་རེད་དམ་ཞེས་དྲིས། ཁོང་གིས། ད་ལྟ་བཤས་དུས་རྦད་དེ་རང་ཟིན་མེད། ཡིན་ནའི་ང་ཚོའི་གྲོང་ཚོའི་ནང་སྔར་སྲོལ་ལྟར་སྟོན་རྨོད་ཚར་མ་ཐག་གནམ་གཤིས་གྲང་དུ་སོང་ན། རྨོན་གཡག་དེ་ཚོ་ཤ་བྲི་ཡི་རེད། མ་གཞི་ནས་ད་ཆ་ཞིང་ཁུལ་དུ་འཕྲུལ་འཁོར་གྱིས་རྨོད་སློག་རྒྱག་གི་ཡོད་པས་རྨོན་གཡག་དགོས་པ་མི་འདུག་ཟེར་བཤས་སོང་། དེ་རིང་འདི་གར་གུས་པས་འཁྱེར་བའི་ཤོག་སྒམ་ནང་གི་ཤ་ལྕུག་ཀྱང་ཕལ་ཆེར་ཁྱེད་ཚང་གི་རྨོན་གཡག་བྲེ་སེར་དེ་བཤས་པའི་ཤ་ཡིན་པ་ཡོད་ཅེས་ཟེར། ཅོག་དགྲ་འདུལ་ལགས་ཀྱིས་ཁྱིམ་ནས་ང་ལ་བསྐུར་བའི་ལག་རྟགས་དེ་གང་ཡིན་གསལ་པོ་གསུངས་ཙ་ན། ཁོ་བོའི་མིག་ལམ་དུ་ད་ལོ་ལོ་ན་སོ་བཞི་ཙམ་ལས་ཟིན་མེད་པའི་རང་ཁྱིམ་གྱི་རྨོན་གཡག་བྲེ་སེར་དེ་བཤས་པ་རྟོགས་ཏེ་སེམས་ནང་སྐྱི་གཡའ་བའི་ངང་ཚུལ་འཆར།

    ངེད་གཉིས་མགྲོན་སྦྱིན་གྱིས་བགྲོ་གླེང་བྱེད་ཀྱིན། ཅོག་དགྲ་འདུལ་ལགས་ཀྱིས་ཕ་ཡུལ་གྱི་ཐོན་སྐྱེད་གནས་ཚུལ་དང་། ཁྱིམ་ཚང་གང་ཞིག་གིས་མནའ་མ་བླངས་ཚུལ། ཁྱིམ་ཚང་གང་ཞིག་གིས་རླངས་འཁོར་གསར་པ་ཉོས་ཚུལ་སོགས་གསར་འགྱུར་མང་པོ་ཞིག་གྲོད་པ་ཁ་ཤོར་བ་ལྟར་གསུང་གི་འདུག་ཀྱང་། དེ་དག་རྣ་བར་མི་འཛུལ་བར་རྨོན་གཡག་བྲེ་སེར་དེ་ད་ཆ་ཤོག་སྒམ་ནང་གི་ཤ་ལྕུག་ཏུ་གྱུར་དོན་ཁོ་ན་སེམས་ནང་འཁོར། ཞོར་དུ་ཁོང་གིས། ད་གིན་གུས་པས་སྒོ་དྲིལ་མ་དཀྲོག་པར་སྒོ་དཀྲོག་ནས་སུན་པོ་བཟོས་སོང་ཞེས་པ་ཞིག་ཀྱང་གསུང་གི་འདུག་པས། ངས་སུན་པོ་ག་ནས་ག་ནས་ཞེས་བཤད་མོད། འོན་ཏེ་རང་སེམས་ལ་ད་གིན་རང་ཉིད་ནས་ཆིག་ལབ་བརྒྱབ་སྟེ། གྲོང་གསེབ་པ་ཞིག་ཡིན་པ་ཐག་ཆོད་ཅེས་བཤད་པ་དེ་ཁོང་གིས་ཐོས་ནས་དགོངས་པ་ཚོམས་མེད་དམ་སྙམ་པའི་དོགས་སྣང་ཞིག་ཀྱང་འཆར།

    ཅོག་དགྲ་འདུལ་ལགས་ཕྱིར་ཕེབས་རྗེས། ངས་ཤོག་སྒམ་དེར་ལྟ་བཞིན་དུ་མིག་ལམ་དུ་ཤོག་སྒམ་དེ་ནས། རང་ཁྱིམ་གྱི་རྨོན་གཡག་བྲེ་སེར་དེའི་གཟུགས་བརྙན་ཡང་ཡང་འཁོར་ཡོང་གི་འདུག དེ་ཡང་ལོ་གཅིག་གཉིས་གོང་གི་དཔྱིད་དུས་སུ་ཁོ་བོ་ཕ་ཡུལ་དུ་འཁྱུག་ཙམ་འགྲོ་སྐབས། རྨོན་གཡག་བྲེ་སེར་དེར་རྨོན་པ་སློབ་ཀྱི་འདུག གུས་པས་ཐོང་མཁན་མཉམ་དུ་རྨོན་གཡག་དེ་ལ་ལྟ་སྐབས། རྨོན་གཡག་དེ་ན་སོ་དར་མ་མིན་ཡང་། ཤེད་ཤུགས་ཡོད་རྒུས་ཐོང་གཤོལ་ལྕི་པོ་དེ་འཐེན། སོན་ཁལ་གཅིག་ཙམ་གྱི་ས་ཞིང་རྨོས་ཚར་ཙམ་དུ། དབུགས་ངལ་གསོ་ཙམ་བྱས་སོང་བས། སྐབས་དེར་རྨོན་གཡག་བྲེ་སེར་དེའི་ལུས་ཐོག་གི་སྤུ་རྐང་རེ་རེ་ནས་རྔུལ་ཆུའི་ཐིགས་པ་རྒྱག་གིན། ངལ་བས་དུབ་པའི་དབུགས་ཀྱི་ཧལ་སྒྲ་ད་དུང་མ་འཇགས་པར། ལྕེ་དམར་ཕྱིར་ཕྱུང་སྟེ་མུ་མཐུད་དབུགས་ཧལ་ཏེ། གྲོད་པའི་གཡས་གཡོན་གཉིས་ནི་སྦུད་པ་ཆ་གཅིག་ཤེད་ཀྱིས་བརྒྱབ་པ་དང་གཉིས་སུ་མེད་པར་སྣང་།

    སྐབས་དེར་ངས་ཁྱིམ་ཚང་གི་ཆང་འབྲུ་དང་རྩམ་པར་བསམ་བློ་གཏོང་གིན། སེམས་ནང་འབྲུ་རྡོག་རེ་རེ་དང་རྩམ་པ་ཐུར་མ་གང་རེ་ཙམ་ཚང་མར་རྨོན་གཡག་དེའི་རྔུལ་ཆུ་འདྲེས་ཡོད་སྙམ་པའི་འཆར་སྣང་བྱུང་སྟེ། ཞིང་ཁའི་མུ་ཁར་བཞག་པའི་སྦང་རྩམ་འདྲེས་མའི་ལྡག་གོང་འགའ་ཞིག་ཡོད་པ་དེ་ནས་གཅིག་བླངས་ཏེ། རྨོན་གཡག་བྲེ་སེར་ལ་བྱིན་པའི་ཚེ། དྲི་བསྣོམས་ནས་ཟ་འདོད་བྱེད་ཀྱི་འདུག་ཀྱང་དབུགས་ཁ་མ་འཇགས་པར་ལྕེ་ཡིས་ལེན་ཐུབ་ཀྱི་མི་འདུག་པས་ངའི་སེམས་པར་སྤུ་གྲི་བསྣུན་པ་ལྟ་བུའི་ཚོར་སྣང་བྱུང་། དེ་ཉིན་འཁྱུག་ཙམ་ཞིག་ལ་རྨོན་གཡག་དེའི་ངལ་བ་མཐོང་དུས་སེམས་ཀྱིས་མི་བཟོད་པ་ལྟ་བུར་གྱུར་ཀྱང་། ངས་མ་མཐོང་བའི་ཞིང་ཐང་དེ་དང་དེ་ལྟ་བུའི་ཐོག་རྨོན་གཡག་བྲེ་སེར་དེས་དཀའ་ལས་ག་ཚོད་བརྒྱབ་མེད་དམ།

    ནང་མི་ཚོས་ཤོག་སྒམ་ཁ་བསྔོགས་ནས་ཤ་ལྕུག་སྐམ་པོའི་བྲོ་བ་བལྟས། ཡང་སྐུ་མགྲོན་འགའ་ཞིག་སླེབས་སོང་བར་ཡང་། བྲོ་བ་གཟིགས་དང་། ང་ཚོའི་ཁྱིམ་ནས་བསྐུར་ཡོང་བའི་ཚགས་ཤ་སྐམ་པོ་ལྷད་མེད་རེད་ཅེས་ངོ་སྤྲོད་བྱས་ནས་སྣེ་ལེན་ཞུ་བཞིན་འདུག ཡིན་ནའང་ངས་ཤ་ལྕུག་དེར་ལག་པ་ཡང་འཆང་མ་བཟོད་པར་སྡོད་སྐབས། ཁྱིམ་དུ་སླེབས་པའི་གྲོགས་པོ་ཞིག་གིས། ཁྱེད་རང་ཤ་སྐམ་པོ་མཆོད་ཀྱི་མེད་དམ་ཞེས་ཟེར། ཤ་སྐམ་པོ་བཟས་པར་བརྩི་ཚོད་མེད། ཡིན་ནའང་དེ་རིང་གི་ཤ་ལྕུག་འདི་ཟ་ཕོད་པ་མི་འདུག་ཅེས་རང་ཁྱིམ་གྱི་རྨོན་གཡག་བཤས་པའི་ཤ་ཡིན་ཚུལ་དང་། རྨོན་གཡག་དེས་ས་ཞིང་རྨོ་བ་ང་རང་གིས་དངོས་སུ་མཐོང་མྱོང་བས། དེ་དོན་ཟ་མི་ཕོད་པའི་རྒྱུ་མཚན་བཤད། གྲོགས་པོ་དེ་ན་རེ། ཧིན། ཁྱེད་ཀྱི་བྱེད་སྟངས་འདི་སྤྲེལ་གྱི་གཙང་སྦྲ་ཞེས་པའི་གཏམ་དཔེ་དང་མཐུན་གྱི་མི་འདུག་གམ། ཤ་ཚང་མ་གཅིག་པ་རེད། གང་ལྟར་རང་ཁ་རང་གསོ་ཐུབ་མཁན་འབྲི་གཡག་སྲོག་བཅད་པ་ལས་བྱུང་བ་རེད་ཅེས་ཟེར། ཡིན་ནའང་བོད་ཀྱི་གཏམ་དཔེར་མི་འདྲིས་ན་སྙིང་ཉེ། ཁྱི་འདྲིས་ན་དྲི་ཞིམ་ཞེས་པ་ལྟར་གཡག་དེ་ནི་རང་ངོས་ནས་བཤད་ན་འདྲིས་ཟིན་པ་ཞིག་ཡིན་པས། ངས་ཡང་བསྐྱར་རྨོན་གཡག་དེས་ས་ཞིང་རྨོ་སྐབས་ཀྱི་མཐོང་འཆར་རྣམས་བཤད་པས། དེས་ཁོང་གི་སེམས་ལའང་གཡོ་འགུལ་ཐེབས་པ་མིན་ནམ། ཁོང་གིས་ཀྱང་ཤ་ལྕུག་ཟ་འཕྲོ་བཞག་སྟེ། ཚན་རིག་གི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཤ་ཟས་ཀྱིས་གཟུགས་ཁམས་ལ་ཕན་པ་ལས་གནོད་པ་མང་བའི་རྒྱུ་མཚན་མང་པོ་འདུག་གཱ མ་གཞི་ནས་ང་ཚོས་ཤ་ཟས་ཉུང་ཙམ་བཟས་ན་་་་་་ཞེས་ཕྱག་གིས་སྒྲུག་པའི་ཤ་ལྕུག་ཀྱང་རང་འཇགས་ཤོག་སྒམ་ནང་བསྐྱུར་སོང་།

    དེ་ལྟར་ཡང་ད་ནངས་ཞོགས་པ་ཕ་ཡུལ་ནས་འབྱོར་བའི་ཤ་དེ། ངོས་ཟིན་པའི་རྨོན་གཡག་བྲེ་སེར་དེའི་ལུས་པོ་ཡིན་པས། ཇི་ལྟར་བྱས་ཀྱང་ངས་ཟ་མི་ཕོད། ངས་བསམ་བློ་ཡང་ཡང་གཏོང་བཞིན་དུ། ད་ཆ་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་ཏེ། རྨོན་གཡག་ལ་བཅིངས་འགྲོལ་བཏང་ཟིན་པས། ད་ཕྱིན་ཆད་ཀྱི་གཡག་ཡོད་དོ་ཅོག་གིས་སྣ་ཁུང་དུ་རང་དབང་སྤུ་ཙམ་མེད་པར་ཤིང་གི་སྣ་གཅུ་གྱོང་པོ་བརྒྱུས་རྒྱུ་དེ་བསྟེན་མི་དགོས་ལ། མཇིང་པར་གཉའ་སྒ་ལྕི་པོ་འཁུར་ནས། ཐོང་གཤོལ་འཐེན་དགོས་མེད་པས། གང་ལྟར་ཡང་ཞིང་ལས་འཕྲུལ་ཆས་ཅན་ལ་ཐུགས་རྗེ་ཆེ་ཞེས་ཞུ་དགོས་ངེས་རེད་སྙམ་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།