[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • རྒྱ་བོད་ཡིག་སྒྱུར་ཁྲོད་ངེས་པར་དུ་སྲུང་དགོས་པའི་ཚད་གཞི་དང་ལོ་ཙཱའི་བྱང་ཚད་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    རང་རྒྱལ་གྱི་མི་རིགས་ཁག་གིས་དུས་ཡུན་རིང་པོའི་ལོ་རྒྱུས་ཁྲོད་རང་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྐད་ཡིག་ཁག་གསར་གཏོད་བྱས་ཡོད་ཅིང་། སྐད་ཡིག་དེ་དག་ལ་དམིགས་བསལ་རང་བཞིན་ལྡན་ཡོད་ལ་ཐུན་མོང་རང་བཞིན་ཡང་ལྡན་ཡོད། སྐད་ཡིག་མི་འདྲ་བ་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་བྱེད་དགོས་ཚེ་ཡིག་སྒྱུར་ནི་མེད་དུ་མི་རུང་བ་ཞིག་རེད། ཡིག་སྒྱུར་ཞེས་པ་ནི་སྐད་ཡིག་མི་འདྲ་བ་གཉིས་དང་རིག་གནས་གོམས་སྲོལ་མི་འདྲ་བ་གཉིས་ཕན་ཚུན་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་པའི་ལས་སྒོ་ཞིག་རེད། དེའང་སྐད་ཡིག་གང་ཞིག་ཡིན་རུང་དེ་སྐད་ཡིག་གཞན་ཞིག་ཏུ་བསྒྱུར་དགོས་ཚེ་ཡིག་སྒྱུར་གྱི་ཚད་གཞི་གསུམ་ངེས་པར་དུ་སྲུང་དགོས་པ་སྟེ། གསུམ“མཐུན་བདེ་སྙན”(信达雅)ནི་ཡིག་སྒྱུར་གྱི་ཚད་གཞི་ཡིན་པས་གཅིག་ཀྱང་ཆད་མི་རུང་། གལ་ཏེ་ཚད་གཞི་དེ་གསུམ་དང་འགལ་ཚེ་ཡང་དག་པའི་ཡིག་སྒྱུར་ཞིག་མིན་སྙམ། དེའང་བསྒྱུར་བྱའི་མ་ཡིག་གི་བསྟན་དོན་མཚོན་པའི་ཚད་གཞི་ནི་བསྟན་བྱའི་དོན་ལས་མི་འགལ་བར་ཇི་མ་ཇི་བཞིན་དུ་མཚོན་དགོས་པ་དེ་ཡིན་ཞིང་། དེ་དོན་ཚིག་གཅིག་ཏུ་བསྡུས་ན“མཐུན”ཞེས་པ་དང་། བསྟན་དོན་མཚོན་བྱེད་སྐད་ཡིག་གི་ཚད་གཞི་ནི་སྒྱུར་བྱེད་སྐད་རིགས་དེ་གའི་ཡུལ་དུ་སྤྱོད་པའི་སྐད་ལུགས་ཀྱི་ཡིག་སྲོལ་དང་མཐུན་པའི་སྒོ་ནས་ཚིག་སྦྱོར་བརྗོད་པ་བདེ་པོ་དགོས་པ་དེ་ཡིན། དེ་དོན་ཚིག་གཅིག་ཏུ་བསྡུས་ན“བདེ”ཟེར། བརྗོད་པའི་ཉམས་འགྱུར་གྱི་ཚད་གཞི་ནི་གོ་བདེ་ལ་རྟོགས་སླ་བ་དང་མ་ཡིག་དང་སྒྱུར་ཡིག་གི་བརྗོད་པའི་ཉམས་འགྱུར་གཅིག་མཚུངས་དགོས་པ་དེ་བསྡུས་ན“སྙན”ཟེར་བ་དེ་ཡིན། རྒྱ་བོད་ཡིག་སྒྱུར་གྱི་ཚད་གཞི་ཡང་དེ་གསུམ་ལས་མ་འགལ་ལ། སྐད་བརྡའི་གནས་སྐབས་ལ་དམིགས་ནས་བབ་མཚུངས་ཀྱི་ཡིག་སྒྱུར་བྱེད་དགོས། དེའང་བརྡའི་གནས་སྐབས་ཞེས་པ་རྒྱ་སྐད་དུ་语境ཟེར་བའི་བརྡ་སྦྱོར་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བ་དེ་ནི་ས་སྐྱ་པཎྜི་ཏས“མིང་ཚིག་གི་ངེས་དོན་གནས་སྐབས་ཀྱིས་འབྱེད་དགོས་པ་ཡིན”ཞེས་གསལ་པོར་གསུངས་པའི་དོན་དེ་ཡིན།

    དང་པོ། མ་ཡིག་ལ་བསྟུན་རྒྱུ་དང་ཚིག་སྣོན་འཕྲིའི་སྐོར་བཤད་པ།

    མ་ཡིག་ལ་བསྟུན་རྒྱུ་ནི་ཡིག་སྒྱུར་ལས་དོན་པས་སྲུང་དགོས་པའི་ཐོག་མའི་ཚད་གཞི་ཡིན་ཞིང་། ཚིག་སྣོན་འཕྲི་བྱ་རྒྱུ་ནི་ཡིག་སྒྱུར་ལས་དོན་པ་མི་རེ་ངོ་རེར་ལྡན་དགོས་པའི་རྨང་གཞིའི་བྱང་ཚད་ཡིན། གང་ལགས་ཤེ་ན། ཡིག་སྒྱུར་ནི་སྐད་ཡིག་གཅིག་གི་བརྗོད་དོན་སྐད་ཡིག་གཞན་ཞིག་ནས་མཚོན་པའི་བྱ་བ་ཞིག་ཡིན་ཞིང་། དེ་དག་མཚོན་པའི་བརྒྱུད་རིམ་ནང་མ་ཡིག་གི་བསྟན་བྱའི་ནང་དོན་སྒྱུར་ཡིག་ནང་གསལ་སྟོན་བྱས་ཡོད་མེད་དང་ཡང་དག་ཡིན་མིན་གྱི་གནད་དོན་འཕྲད་ཀྱི་ཡོད།

    གཅིག མ་ཡིག་ལ་བསྟུན་པའི་རྨང་གཞིའི་ཐོག་ཚིག་སྣོན་མཁས་དགོས་པོ། སྐད་ཡིག་ཅི་ཞིག་ཡིན་རུང་དེར་དམིགས་བསལ་གྱི་སྐད་བརྡའི་གནས་སྐབས་ལྡན་པ་དང་། ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་གལ་ཏེ་སྐད་ཡིག་གཉིས་ཀྱི་སྐད་བརྡའི་གནས་སྐབས་ལ་རྒྱུས་མངའ་མེད་ཚེ་སྒྱུར་ཡིག་གིས་མ་ཡིག་གི་བསྟན་བྱའི་ནང་དོན་ཇི་མ་ཇི་བཞིན་མཚོན་མི་ཐུབ། སྒྱུར་ཡིག་གིས་མ་ཡིག་གི་བསྟན་བྱའི་ནང་དོན་ཆ་ཚང་དང་ཡང་དག་མཚོན་དགོས་ན་ཡིག་སྒྱུར་གྱི་ཐབས་ཤེས་ལ་དང་དོད་བྱེད་དགོས་ལ། མཚོན་ཚུལ་དང་ཐ་སྙད་སྤྱོད་སྟངས་ལ་ཡང་དང་དོད་བྱེད་དགོས། གལ་ཏེ་ང་ཚོས་ཡིག་སྒྱུར་བྱེད་སྐབས་དམིགས་ཡུལ་མེད་པར་རྨོངས་ཚོད་ཀྱིས་མ་ཡིག་གི་ནང་དོན་ཁོ་ནར་བསྟུན་པ་ལས་གང་འཚམ་གྱིས་ཚིག་སྣོན་འཕྲི་མ་བྱས་ན་སྒྱུར་ཡིག་གི་ནང་དོན་ཡང་མི་དག་པ་དང་ཡང་ན་གཏམ་དོན་གནད་ལ་མི་འཁེལ་བ་ཡོང་སྲིད། དཔེར་ན། “巴松措加大旅游宣传力度”“བྲག་གསུམ་མཚོས་ཡུལ་སྐོར་དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་གཏོང་བ”ཞེས་པ་སྒྱུར་ཡིག་དེའི་ནང་གི་བྲག་གསུམ་མཚོ་ཞེས་པ་དེ་ནི་མཛེས་ལྗོངས་ཁུལ་གྱི་ས་མིང་ཞིག་ཡིན་པ་ལས། ཡུལ་སྐོར་དྲིལ་བསྒྲགས་བྱེད་མཁན་གྱི་གཙོ་ཚིག་མིན་པས་དེ་ལྟར་ཐད་ཀར་བསྒྱུར་ཚེ་མཁྱེན་ལྡན་རྣམ་པའི་བཞད་གད་ཀྱི་ཡུལ་དུ་འགྱུར་སྲིད་མོད། འོན་ཀྱང་བྲག་གསུམ་མཚོ་ཞེས་པའི་རྗེས་སུ་དོ་དམ་ཅུས་ཞེས་བསྣན་ནས“བྲག་གསུམ་མཚོའི་དོ་དམ་ཅུས་ཀྱིས་ཡུལ་སྐོར་དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་གཏོང་བ”ཞེས་བསྒྱུར་ཚེ། སྒྱུར་ཡིག་གིས་མ་ཡིག་གི་བསྟན་བྱའི་གོ་དོན་གསལ་པོར་མཚོན་ཐུབ།

    གཉིས། མ་ཡིག་ལ་བསྟུན་པའི་རྨང་གཞིའི་ཐོག་ཚིག་འཐེན་འཕྲིར་མཁས་པོ་དགོས། བོད་ཡིག་ནི་སྒྲ་སྦྱོར་ཡི་གེ་ཡིན་པས་རྒྱ་ཡིག་བོད་ཡིག་ཏུ་བསྒྱུར་བའི་བརྒྱུད་རིམ་ནང་སྒྱུར་ཡིག་ཉིད་མ་ཡིག་ལས་ཡིག་འབྲུ་མང་དུ་འགྲོ་གི་ཡོད། གལ་ཏེ་ང་ཚོས་ཡིག་སྒྱུར་བྱེད་སྐབས་གང་འཚམས་ཀྱིས་འཐེན་འཕྲི་མ་བྱས་ཚེ་ཚིག་རྙོག་མང་བའི་སྐྱོན་ཡོད། དཔེར་ན། “全区各地积极开展活动”ཚིག་དེའི་ནང་གི་ལྗོངས་དེའི་ནང་ས་གནས་ཁག་ཚུད་ཡོད་པས་གལ་ཏེ་ས་གནས་ཞེས་པའི་ཡིག་འབྲུ་དེ་གཉིས་འཐེན་འཕྲི་བྱས་ནས“ལྗོངས་ཡོངས་ཀྱིས་བྱེད་སྒོ་ཧུར་ཐག་སྤེལ”ཞེས་བསྒྱུར་བ་ལས་འཐེན་འཕྲི་མ་བྱས་པར“ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་བྱེད་སྒོ་ཧུར་ཐག་སྤེལ”ཞེས་བསྒྱུར་ན་དགོས་མེད་ཚིག་རྙོག་མིན་ནམ་སྙམ། ཡང་དཔེར་ན། “要改善学校的工作环境 生活环境 学习环境”ཚིག་དེའི་ནང་གལ་ཏེ་འཐེན་འཕྲི་མ་བྱས་པར“སློབ་གྲྭའི་ལས་ཀའི་ཁོར་ཡུག་དང་། འཚོ་བའི་ཁོར་ཡུག སློབ་སྦྱོང་གི་ཁོར་ཡུག་བཅས་ལེགས་སུ་གཏོང་དགོས”ཞེས་ཇི་མ་ཇི་བཞིན་བསྒྱུར་ན་དགོས་པ་ལྷག་པོ་ཆེ་མེད་ཅིང་། དེའི་ཚིག་ཟློས་མ་དགོས་པར“སློབ་གྲྭའི་ལས་ཀ་དང་། འཚོ་བ། སློབ་སྦྱོང་བཅས་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས”ཞེས་ཚིག་ཕྲད“བཅས”ཀྱིས་འཐུས་པར་བྱས་ནས་བསྒྱུར་ན་ཚིག་ཉུང་ལ་དོན་གསལ་བ་མིན་ནམ་སྙམ།

    ཚིག་སྣོན་དང་འཐེན་འཕྲི་བྱ་རྒྱུ་དེ་དུས་རྒྱུན་ཡིག་སྒྱུར་ལས་རིམ་ཁྲོད་རྟག་ཏུ་འཕྲད་ཀྱི་ཡོད་མོད། འོན་ཀྱང་སྒྱུར་ཡིག་ནང་བསམ་ཚོད་བཞིན་ཚིག་སྣོན་འཕྲི་བྱེད་ཆོག་པ་ཞིག་མ་ཡིན་པར་མ་ཡིག་གི་བསྟན་བྱའི་ནང་དོན་དངོས་ལ་གོ་བ་ཡང་དག་ལོན་དགོས་ལ། སྐད་བརྡའི་གནས་སྐབས་དང་བོད་ཡིག་བརྡ་སྤྲོད་གཞུང་ལྟར་ཚིག་སྣོན་འཕྲི་བྱས་ཚེ་མ་ཡིག་གི་བསྟན་བྱའི་ནང་དོན་ཡང་དག་མཚོན་ཐུབ་པ་དང་ཚིག་སྦྱོར་སྙན་ཞིང་འཇུག་པོ་ཡོང་ཐུབ། དེར་བརྟེན་ཚིག་སྣོན་འཕྲི་བྱ་རྒྱུ་དེ་ལའང་ལོ་ཙཱ་བས་ཕྱོགས་གཅིག་ནས་མ་ཡིག་གི་རིག་གནས་རྒྱབ་ལྗོངས་ཤེས་རྟོགས་བྱེད་དགོས་པ་མ་ཟད། སྐད་ཡིག་གཉིས་ཀྱི་སྦྱོར་སྟངས་དང་བརྡ་སྤྲོད་ཆོས་ཉིད་ལ་རྒྱུས་མངའ་ཡོད་དགོས།

    གཉིས་པ། མ་ཡིག་ལ་བསྟུན་རྒྱུ་དང་ཐ་སྙད་བརྗེས་ནས་སྒྱུར་སྟངས་སྐོར་བཤད་པ།

    བོད་ཀྱི་རིག་གནས་ནི་གནའ་བོའི་རྒྱ་གར་དང་ཀྲུང་ཡོན་རིག་གནས་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་ལོ་ངོ་སྟོང་གི་རིག་གནས་མཉམ་འདྲེས་བརྒྱུད་བོད་མི་རིགས་ཀྱིས་རང་ལུགས་ལྟར་གསར་གཏོད་བྱས་པའི་སྒྲ་རིག་པ་དང་། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་རིག་པ་བཅས་རིག་གནས་ཆེ་བ་ལྔ་སོགས་ལས་གྲུབ་པའི་བོད་ཀྱི་རླབས་ཆེའི་རིག་གཞུང་ཞིག་ཡིན། སྐད་ཡིག་ཅི་འདྲ་ཞིག་ཡིན་རུང་བསྡུ་ལེན་དང་། མཉམ་འདྲེས། བསྐྱར་ལེན། བསྐྱར་འདྲེས་སོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལྡན་ཡོད་ཅིང་། དོགས་སྣང་ཅི་ཡང་མེད་པ་ཞིག་ལ་ཡིག་སྒྱུར་ལས་སྒོས་དེའི་ཁྲོད་རིག་གནས་རྒྱུན་འཛིན་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། འོ་ན་ཞིབ་ཕྲའི་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་མ་ཡིག་ལ་བསྟུན་ཆེད་འདྲ་དཔེ་རྒྱས་འགེབས་བྱས་ན་འགྲིག་གམ་ཞེ་ན། དོན་དངོས་ལས་མཚོན་པར་དེ་ནི་ཡིག་སྒྱུར་གྱི་ཚད་གཞི་ལས་འགལ་བ་ཞིག་རེད། བོད་ཀྱི་ལོ་རྒྱུས་ཐོག་རིག་གཞུང་ཁག་མང་པོ་ཡིག་སྒྱུར་བྱེད་སྐབས་སྒྱུར་ཡིག་དེ་མ་ཡིག་ལ་བསྟུན་རྒྱུ་དང་རང་མི་རིགས་ཀྱི་སྐད་འགྲོས་དང་བརྡ་སྤྲོད་ཀྱི་ཆོས་ཉིད་དང་ཟུང་འབྲེལ་བྱེད་པའི་རྨང་གཞིའི་ཐོག་མ་ཡིག་གི་ཞིབ་ཕྲའི་སྐད་བརྡའི་གནས་སྐབས་ལ་གཞིགས་ཏེ་ཐ་སྙད་བརྗེས་ནས་བསྒྱུར་བ་དང་བསྡུས་སྒྱུར་བྱས་ན་འགྲིག་གི་ཡོད། མཚམས་རེ་མ་ཡིག་གི་བརྗོད་པའི་དཀྱུས་སུ་གོ་དོན་ཁ་ཤས་ཡོད་པའི་ཐ་སྙད་འཕྲད་ཚེ་མ་ཡིག་གི་སྔ་ཕྱིའི་གཏན་ཚིགས་འབྲེལ་བར་གཞིགས་ནས་གོ་བ་བླངས་ཏེ་སྐབས་དོན་གང་འཚམས་ཀྱིས་ཕབ་སྒྱུར་བྱེད་དགོས་པ་དང་། དེ་བཞིན་མ་ཡིག་གི་བརྗོད་ཚིག་གི་སྦྱོར་སྟངས་དང་བརྗོད་པའི་གོང་འོག་གི་གཏན་ཚིགས་འབྲེལ་བར་བློ་ཞིབ་མོས་རྟོག་དཔྱོད་བྱས་ནས་མ་ཡིག་གི་ནང་དོན་ལྟར་ཐད་སྒྱུར་མ་བྱས་པར་ཐ་སྙད་གཞན་སྤྱོད་དགོས། དཔེར་ན། ང་ཚོས་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་མ་ཡིག་དེ་པར་རིས་འགྲེལ་བཤད་དང་རྩོམ་ཡིག་ཡིན་མིན་ལ་མ་བལྟས་པར“看驻村工作的成果”ཞེས་པ་དེའི་ནང་གི་བྱ་ཚིག་看དེ་ཡིག་ངོས་ལྟར་སྐད་བརྡའི་གནས་སྐབས་ལ་མ་བརྟག་པར་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ལ་བལྟ་ཞེས་ཐད་ཀར་བསྒྱུར་ན་མིག་གིས་བལྟ་བ་ཁོ་ནར་གོ་ཉེན་ཆེ་བས། བྱ་ཚིག་དེ“བཤད་དམ་བརྗོད”ཀྱིས་ཚབ་བྱས་ནས་བསྒྱུར་བ་ན་མ་ཡིག་ལ་བསྟུན་ཐུབ་པ་དང་བསྟན་བྱའི་ནང་དོན་ཡང་དག་མཚོན་ཐུབ། ཡང་དཔེར་ན། “1938年10月武汉失守后,国民党的反共活动逐渐积极”ཞེས་པའི་ནང་གི་积极དེ་སྤྱིར་ཧུར་བརྩོན་ཞེས་བསྒྱུར་གྱི་ཡོད་མོད། འོན་ཀྱང་སྐབས་དེར་ཧུར་བརྩོན་ཞེས་བསྒྱུར་ན་ཚིག་སྔ་ཕྱི་མཐུན་ཐབས་བྲལ་བས་ཐ་སྙད་བརྗེས་ནས། 1938ལོའི་ཟླ་10པར་ཝུའུ་ཧན་གྲོང་ཁྱེར་དགྲ་ལག་ཏུ་ཤོར་རྗེས་གོ་མིན་ཏང་གིས་གུང་ཁྲན་ཏང་ལ་འགོག་རྒོལ་བྱ་ཤུགས་རིམ་བཞིན་ཆེ་རུ་ཕྱིན་ཞེས་བསྒྱུར་ན་ཚིག་སྔ་ཕྱི་མཐུན་པ་མ་ཟད། མ་ཡིག་གི་བསྟན་དོན་གསལ་པོ་བརྗོད་ཐུབ། ཡང་དཔེར་ན། “创中国旅游品牌”ཞེས་པ“ཀྲུང་གོའི་ཡུལ་སྐོར་ཁྱད་རྟགས་གཏོད”ཅེས་ཐད་ཀར་ཕབ་སྒྱུར་མ་བྱས་པར་ཀྲུང་གོའི་ཡུལ་སྐོར་གནས་མཆོག་གཏོད་ཅེས་བསྒྱུར་ན་འཚམ་པ་འདུག་སྙམ། དེར་བརྟེན་ལོ་ཙཱ་བར་མ་ཡིག་ཅི་འདྲ་ཞིག་འཕྲད་རུང་མ་ཡིག་གི་བརྗོད་པའི་གོང་འོག་གི་གཏན་ཚིགས་འབྲེལ་བར་བློ་ཞིབ་མོས་རྟོག་དཔྱོད་བྱས་ཚེ་སྒྱུར་ཡིག་གིས་མ་ཡིག་ལ་བསྟུན་ཐུབ་པ་མ་ཟད། གོ་བདེ་ལ་རྟོགས་སླ་བའི་ཚད་གཞི་དང་མཐུན་ཐུབ།

    གསུམ་པ། ཚིག་སྦྱོར་གྱི་བརྗོད་བདེ་དང་དུས་གསུམ་སྐོར་བཤད་པ།

    བྱ་ཚིག་སྤྱོད་སྐབས་རྒྱ་ཡིག་དང་བོད་ཡིག་གཉིས་ཀྱི་བརྡ་སྤྲོད་ལ་མི་འདྲ་བའི་ཆ་ལྡན་ཞིང་། དཔེར་ན་རྒྱ་ཡིག་གི“完成”ཞེས་པའི་བྱ་ཚིག་དེས་མ་ཡིག་ནང་ཞིབ་ཕྲའི་སྐད་བརྡའི་གནས་སྐབས་ཁྲོད“将、要、了”སོགས་ཚིག་གྲོགས་སྦྱར་ཚེ་རྩོམ་ཡིག་གི་ནང་དོན་གསལ་སྟོན་ཐུབ་མོད། འོན་ཀྱང་། བོད་ཡིག་ནང་བརྗོད་བྱའི་ནང་དོན་ལ་དུས་གསུམ་དང་མཐུན་པའི་ལྟོས་ཟླའི་ཚིག་རེ་ཡོད་པས། ཞིབ་ཕྲའི་ཡིག་སྒྱུར་གྱི་བརྒྱུད་རིམ་ནང་དེ་མི་འཁྲུག་པར་ཡང་དག་གདམ་སྤྱོད་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། དེ་ལྟར་མ་བྱུང་ཚེ་སྒྱུར་ཡིག་དང་མ་ཡིག་གཉིས་ཀྱི་ནང་དོན་ཕྱིན་ཅི་ལོག་པ་མ་ཟད། ཐ་ན་གོ་བ་ལོག་སྒྲུབ་ཏུ་སོང་བའི་གནས་ཚུལ་ཡོང་སྲིད། དེར་བརྟེན། སྒྱུར་ཡིག་དེ་གོ་བདེ་ལ་རྟོགས་སླ་བ་དང་ཚིག་སྦྱོར་བརྗོད་པ་བདེ་བ་དགོས་ཚེ། རྩོམ་ཡིག་གི་བསྟན་བྱའི་ནང་དོན་བཞིན་བྱ་ཚིག་ངེས་པར་དུ་བོད་ཡིག་གི་དུས་གསུམ་གྱི་མཚམས་སྦྱོར་བྱེད་སྟངས་དང་བསྟུན་དགོས་པ་ལས་དེ་དང་འགལ་ཚེ་དུས་མ་འོངས། ད་ལྟ། འདས་པ་གང་ཡིན་གསལ་འབྱེད་མི་ཐུབ་པར་དོགས་གནས་སུ་གྱུར་བས། དུས་གསུམ་བེད་སྤྱོད་ཡང་དག་སྤྱོད་རྒྱུ་ཤིན་ཏུ་གལ་ཆེ། དཔེར་ན། “全区已完成了上半年的税收任务”ཞེས་པ་དེའི་ནང་གི“完成”འདས་པར་གོ་བས“ལྗོངས་ཡོངས་ཀྱིས་ལོ་སྟོད་ཀྱི་ཁྲལ་བསྡུའི་ལས་འགན་སྒྲུབ་པ”ཞེས་ཕབ་སྒྱུར་བྱས་ན་ཀློག་པ་པོས་ལྗོངས་ཡོངས་ཀྱི་ཁྲལ་བསྡུའི་ལས་འགན་ལེགས་སྒྲུབ་བྱས་ཟིན་པ་དང་བྱེད་བཞིན་ཡོད་པ་དབྱེ་བ་འབྱེད་མི་ཐུབ་པའི་དུས་གསུམ་གྱི་སྐྱོན་ལྷག་གི་ཡོད། ཡང་དཔེར་ན“五年,学校的面貌肯定会发生很大的变化”ཞེས་པ་དེ“ལོ་ཙཱ་སྒུག་ཚེ་སློབ་གྲྭའི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་ཡོང་ངེས་རེད”ཅེས་ལོ་ཙཱ་བས་མ་ཡིག་གི་ནང་དོན་ལ་ཞིབ་བརྟག་མ་བྱས་པར་དེའི་ནང་གི“等”ཞེས་པ་དེ་དུས་འདས་པར་གོ་བ་མ་བླངས་པར་དུས་ད་ལྟ་བར་གོ་བ་བླངས་ནས་བསྒྱུར་བ་དང་། ཡང་དཔེར་ན། “我们单位将为困难职工发放救济金”ཞེས་པ་དེའི་ནང་གི“发放”ཞེས་པ་དེ་བྱ་ཚིག་ཡིན་མོད། འོན་ཀྱང་དུས་ད་ལྟ་བ“སྤྲོད་རྒྱུ”ཞེས་མ་བསྒྱུར་བར་དུས་འདས་པར་གོ་བ་བླངས་ནས“ང་ཚོའི་ལས་ཁུངས་ཀྱིས་ལས་བཟོ་དབུལ་ཕོངས་ལ་རོགས་དངུལ་སྤྲད་པ”ཞེས་བསྒྱུར་ན་སྒྱུར་ཡིག་དང་མ་ཡིག་གི་བསྟན་བྱའི་དུས་ཚོད་ལ་འགལ་ཟླ་ཡོང་གི་ཡོད། ལོ་ཙཱ་བས་སྒྱུར་ཡིག་གི་ཚིག་སྦྱོར་བརྗོད་པ་བདེ་བ་དགོས་མ་ཟད། ལྷག་པར་དུ་དུས་གསུམ་གྱི་འགྱུར་ལྡོག་ལ་བརྟག་དགོས། བོད་ཡིག་གི་དུས་ད་ལྟ་བ་དང་། མ་འོངས། འདས་པ། སྐུལ་ཚིག་བཅས་རྒྱ་བོད་ཡིག་སྒྱུར་ཁྲོད་བེད་སྤྱོད་ཧ་ཅང་མང་བས། ཡིག་སྒྱུར་བརྒྱུད་རིམ་ནང་དུས་གསུམ་གྱི་དབྱེ་བ་ཡང་དག་མ་འབྱེད་ན་མ་ཡིག་ལ་བསྟུན་དགོས་པའི་ཡིག་སྒྱུར་གྱི་ཚད་གཞི་དང་མཐུན་གྱི་མེད། དེར་བརྟེན་ལོ་ཙཱ་བས་རྒྱ་བོད་སྐད་ཡིག་གཉིས་ཀྱི་བརྡ་སྤྲོད་ཀྱི་གྲུབ་ཚུལ་ཤེས་རྟོགས་ཐུབ་དགོས་པ་དང་མ་ཡིག་གི་སྐད་བརྡའི་གནས་སྐབས་དང་ནང་དོན་དང་འཚམ་པའི་དུས་གསུམ་དབྱེ་བ་ཡང་དག་འབྱེད་དགོས།

    བཞི་པ། ཡིག་སྒྱུར་བའི་བྱང་ཚད་སྐོར་བཤད་པ།

    ལོ་ཙཱ་བ་ཞིག་ཡིན་ཕྱིན་སྐད་ཡིག་གཉིས་བྱང་ཆུབ་པ་དགོས་པ་དང་མ་ཡིག་གི་ལོ་རྒྱུས་རྒྱབ་ལྗོངས་དང་། རིག་གནས། གཏན་ཚིགས་གྲུབ་ཚུལ་སོགས་རྟོགས་དགོས་པ་མ་ཟད། གཟབ་ནན་གྱི་ལས་ཀའི་རྣམ་འགྱུར་ཞིག་ལྡན་དགོས། རྒྱ་བོད་ཡིག་སྒྱུར་ནི་རྒྱ་ཡིག་མི་ཤེས་པའི་ཀློག་པ་པོར་བོད་ཡིག་གི་ཐོག་ནས་རྒྱ་ཡིག་གི་ནང་དོན་སྟོན་པའི་ལས་སྒོ་ཞིག་ཡིན་པས། ལོ་ཙཱ་བའི་རྒྱ་བོད་ཡིག་སྒྱུར་གི་བྱང་ཚད་དང་སྒྱུར་ཡིག་གི་སྤུས་ཚད་དེ་ཀློག་པ་པོའི་ལྟ་ཀློག་གི་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོད། གལ་ཏེ་ཀློག་པ་པོས་རྟག་ཏུ་བསྒྱུར་བྱའི་མ་ཡིག་གི་ནང་དོན་དང་མཐུན་པ་དང་། བརྗོད་པ་བདེ་ལ་གོ་བདེ་རྟོགས་སླའི་སྒྱུར་ཡིག་ལྟ་ཀློག་ཐུབ་ཚེ་ཁོང་ཚོས་ཆ་འཕྲིན་མང་དག་རྟོགས་ཐུབ་པ་མ་ཟད། ཁོ་ཚོའི་སྤྱིའི་བྱང་ཚད་ཀྱང་རང་བཞིན་དུ་གོང་མཐོར་འགྲོ་ཐུབ། དེས་ན་ལོ་ཙཱ་བའི་སྒྱུར་ཡིག་གི་སྤུས་ཚད་ལེགས་ཉེས་དང་ལོ་ཙཱ་བ་རང་ཉིད་ཀྱི་ཡིག་སྒྱུར་ཆེད་ལས་ཡར་རྒྱས་ཆེ་ཆུང་གང་ཡོང་ནི་མཐར་གཏུགས་ནས་བཤད་ན་བསྒྱུར་བྱ་དང་སྒྱུར་བྱེད་སྐད་ཡིག་གཉིས་བསླབས་སྦྱངས་ཟབ་ལོས་ལ་རག་ལུས་ཡོད། ལོ་ཆེན་གྲགས་ཅན་ཧྥུ་ལེ་ཧན་ནོ་ཧྥུས་普列汉诺夫གསུངས་པར“ཁྱེད་ལོ་ཙཱ་བྱེད་པར་འདོད་ན་དེ་ནི་མཆོག་ཏུ་གྱུར་བའི་ལས་རིགས་ཤིན་ཡིན། ལོ་ཙཱ་བྱེད་པའི་ཐོག་མར་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་བྱང་གོམས་ཆེན་པོ་དགོས་པ་དང་། དེ་ནས་བསྒྱུར་བྱའི་མ་ཡིག་དང་འབྲེལ་བའི་དངོས་དོན་རྒྱུས་མངའ་ཞིབ་ཚགས་དགོས། གལ་ཏེ་ཆ་རྐྱེན་དེ་དག་མ་འཛོམས་ན་ལོ་ཙཱ་གནད་འཕྲོད་ཡོང་མི་ཐུབ་པ་དང་ཀློག་པ་པོ་མུན་པའི་ལམ་དུ་འཁྲིད་ཉེན་ཡོད་པས་ན་དེ་ལས་ལོ་ཙཱ་མ་བྱས་ན་དགའ”ཞེས་གསུངས། དེར་བརྟེན་ལོ་ཙཱ་བ་ཞིག་གི་ངོས་ནས་བཤད་ན། སྐད་རིགས་གཉིས་ལ་སྦྱངས་པ་མཐར་སོན་པ་དགོས་རྒྱུ་སྨོས་མེད་ཐོག་ད་དུང་ཤེས་བྱ་སྣ་ཚོགས་རྟོགས་པ་དང་འཚོ་བའི་མྱོང་འདྲིས་ཆེན་པོ་དགོས་པ་མ་ཟད། བརྗོད་དོན་གོ་དཀའ་བ་རྣམས་ཚིག་མཛོད་ལ་སོགས་པའི་དཔྱད་ཡིག་ཁག་བརྟེན་པ་དང་། མཁས་པ་རྣམས་ལ་བཀའ་འདྲི་ཞུ་བ་སོགས་ཀྱི་ཐབས་ཤེས་སྣ་ཚོགས་སྤྱད་ནས་སྐད་གཉིས་བསླབས་སྦྱངས་མཐར་ཕྱིན་པ་དགོས། དེ་ལྟར་བྱུང་ཚེ་ལོ་ཙཱ་བས་མི་རིགས་གཉིས་སམ་སྐད་ཡིག་གཉིས་དབར་འབྲེལ་འདྲིས་བྱེད་པར་ནུས་པ་རླབས་པོ་ཆེ་ཐོན་ནས། སྒྱུར་ཡིག་གིས་བསྒྱུར་བྱའི་ནང་དོན་གནད་ལ་འཁེལ་བ་མཚོན་པ་གང་ཞིག་སྒྱུར་ཡིག་གི་སྐད་ཆའི་འགྲོས་ཉམས་དང་ལྡན་པ་དང་རྣ་བར་སྙན་ཞིང་ངག་ནས་བརྗོད་བདེ་བ་སོགས་ཀྱི་ཁྱད་ཆོས་ཐོན་ནུས་པས། ལོ་ཙཱའི་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོར་འདེགས་ལ་བརྩོན་པ་བྱ་རྒྱུ་ནི་གནད་ཀྱི་དམ་པར་མཐོང་ངོ་།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའི་ཉི་མ་ཚེ་རིང)

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།