[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • གུང་ཁྲན་ཏང་ལ་གླུ་དབྱངས་ལེན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   རྣམ་རྭ་ས་རྟ།    |    སྤེལ་དུས།   2019-10-20

    ཁོ་བོའི་སེམས་ཀྱི་གཡོ་མེད་དད་སེམས་འཆང་ས་ནི་བཀའ་དྲིན་ཅན་གྱི་གུང་ཁྲན་ཏང་ཡིན།

    རེད་ལགས། ཁྱེད་ནི། ཞིང་བྲན་ཁྲི་ཚོ་བརྒྱ་ཡི་ཕ་མ་བཟང་པོ། བྲན་གཡོག་རྣམས་ཀྱི་སྐྱབས་མགོན་ཆེན་པོ། དབུལ་ཕོངས་མང་ཚོགས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ། འདྲ་མཉམ་དྲང་གཞག་གི་རྒྱ་སྲང་ཆེན་པོ། རུལ་སུངས་དཔོན་ངན་གྱི་རྩ་བ་གཅོད་མཁན་སྟ་རེ་ལགས།

    རེད་ལགས། བདེན་དོན་གྱི་ས་གཞི་ཆེན་པོར། ལྷག་བསམ་གྱི་ཉི་འོད་འཁྱིལ་བཞིན། དམངས་ཕན་གྱི་ཕྱག་ཟུང་དྲོན་མོས། ཟད་མེད་ཀྱི་བྱམས་བརྩེ་གནང་བྱུང་། སྤུན་ཟླ་ཡི་བརྩེ་བ་ཆེན་པོ། ཉ་ཆུ་ཡི་དུང་བ་ལས་ཟབ་ཅིང་། དབུལ་པོ་ཡི་འབྱུང་རྩ་བཅད་ནས། འབྱོར་འབྲིང་གི་ལམ་དུ་དྲངས་སོང་།

    རེད་ལགས། སྲིད་ཇུས་བཟང་པོ་དགུང་གི་ཉི་མ་ལ། །བདེ་ཞིང་སྐྱིད་པའི་གླུ་དབྱངས་ང་ཡིས་ལེན། །བཅུ་ཕྲག་བདུན་གྱི་ལོ་ངོའི་འཕོ་འགྱུར་ལ། །བསྔགས་བཞིན་བསྟོད་པའི་སྙན་དབྱངས་བདག་གིས་གྱེར། །

    དེ་ཡང་། ཡང་དག་ཏང་གི་དབུ་ཁྲིད་འོག །གངས་ལྗོངས་དཔལ་ཡོན་རབ་ཏུ་བཞད། །ཞིང་འབྲོག་འཚོ་བ་ཡག་ཅིང་སྐྱིད། །དགའ་སྤྲོའི་གླུ་དབྱངས་སྙན་ཞིང་འཇེབས། །

    མཛད་བཟང་སྲིད་ཇུས་བཟང་བའི་ཁར། །གནད་འཕིགས་དགོངས་པ་ཟབ་ཅིང་བརླིང་། །ཕྱི་སྣོད་ཁོར་ཡུག་གཡང་དུ་ཆགས། །ནང་བཅུད་སེམས་ཅན་བདེ་ལ་འཁོད། །

    གོ་ལ་ཟླུམ་པོའི་ཡང་རྩེ་ན། །སྔོ་ལྗང་ཅན་གྱི་བོད་ལྗོངས་མཛེས། །འདབ་ཆགས་གཅན་གཟན་ལ་སོགས་པ། །རང་རང་གང་འདོད་གནས་སུ་རྩེན། །

    རྨོངས་མུན་སེལ་བའི་སློབ་གྲྭ་རུ། །ན་ཆུང་རིག་པའི་རྩི་བཅུད་ལེན། །ལང་ཚོ་དར་བའི་གཞོན་སྐྱེས་རྣམས། །ཕུགས་འདུན་གྲུབ་པའི་སྐྱིད་གླུ་ལེན། །

    ཁང་བཟང་གྲུ་བཞི་ནོར་གྱི་མཛོད། །ཞིང་ཆུང་གྲུ་བཞི་འབྲུ་ཡི་མཛོད། །སློབ་གླིང་གྲུ་བཞི་རིག་པའི་མཛོད། །མཛོད་གསུམ་འཛོམས་པའི་སྐྱིད་གླུ་ལེན། །

    བར་སྣང་གནམ་གྲུའི་འཕུར་སྒྲས་ཁེངས། །ས་གཞི་རླངས་འཁོར་འུར་སྒྲས་མྱོས། །ལྕགས་ལམ་མེ་འཁོར་དུང་སྒྲས་གང་། །རྒྱ་ལམ་འགྲུལ་པས་སྐྱིད་གླུ་ལེན། །

    འཕྲུལ་རྟའི་མྱུར་ཚད་བྱ་ལ་འགྲན། །འཕྲིན་བརྡའི་མྱུར་ཚད་སེམས་ལས་མགྱོགས། །ཕྱི་ནང་བར་གསུམ་ལྷ་ལས་མཚར། །གང་འདོད་འཛོམས་པའི་སྐྱིད་གླུ་ལེན། །

    འཇམ་པས་མ་ཚིམས་ཡང་ལྕི་ལྟ། །བཅུད་ཀྱིས་མ་ངོམས་ཞིམ་མངར་དབྱེ། །སྙན་པས་མ་འདོད་གཟུགས་ལ་ལྟ། །ལོངས་སྤྱོད་འཛོམས་པའི་སྐྱིད་གླུ་ལེན། །

    ཁང་བཟང་གྲུ་བཞི་སྡོད་སའི་རྒྱན། །ལུས་ལ་ནད་མེད་བདེ་བའི་རྒྱན། །བདེ་སྐྱིད་འཚོ་བ་མི་ཚེའི་རྒྱན། །གུང་ཁྲན་ཏང་ལ་གླུ་དབྱངས་ལེན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།