[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • དྲན་ཚུལ་ལྷུག་བརྗོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   སྒྲོལ་དཀར།    |    སྤེལ་དུས།   2019-10-20

    དེ་རིང་ཕྱི་དྲོའི་སློབ་ཚན་མཇུག་ཤོས་དེ་གྲོལ་རྗེས། ངའི་ཡིད་སེམས་དགའ་མིན་སྐྱོ་མིན་གྱི་ཚོར་བ་འདྲ་མིན་ཞིག་གིས་ཁྲིད་དེ། སྔོན་ཆད་ཀྱང་བསམ་བློ་ཡང་ཡང་གཏོང་མྱོང་བའི་དྲི་རྟགས་དེའི་རྒྱ་རུ་ཚུད།

    སློབ་ཚན་གྲོལ་བའི་དྲིལ་བརྡ་གྲགས་མ་ཐག ཁྲིད་སྟེགས་ནས་ཁ་སློབ་མ་ཚོར་ཕྱོགས་པའི་ངས། “སློབ་ཚན་གྲོལ”ཞེས་ཟེར་བར། འགབ་ན་སློབ་ཚན་འདིའི་སྦྱོང་ཚན་འབྲི་བར་བྲེལ་བའི་སློབ་ཕྲུག་ཚོས། སློབ་ཚན་གྲོལ་བརྡ་མ་ཐོས་པ་ལྟར། སོ་སོའི་ས་ནས་མགོ་བོ་བསྒུར་ཏེ་ཧུར་བརྩོན་གྱིས་འབྲི་དེབ་ངོས་སུ་ཡི་གེ་འབྲི་གྱིན་འདུག་ལ། ཁོ་ཚོ་རེ་འགར་ཡར་ལང་ཁོམ་ཡང་མེད་ལ། རེ་འགའ་རྐུབ་སྟེགས་ལས་ཡར་ལངས་ཀྱང་མགོ་བོ་ཡར་དགྱེ་ཁོམ་མེད་པར། “རྒན་ལགས། ངལ་གསོ་ཞུ”ཞེས་པའི་སྐད་སྒྲས་སློབ་ཁང་གི་བར་སྣང་ཁྱབ་པར་བྱས་རྗེས་སླར་ཡང་འཇམ་ཅག་གེར་སོང་། ང་རང་སྒོ་ཕྱིར་འགྲོ་ཞོར་དུ་ཁ་ཕྱིར་འཁོར་ནས“ཐོག་མར་ཇ་བཏུངས། དེ་ནས་སྦྱོང་ཚན་བཅོས། ཇ་མ་བཏུངས་ན་ངས་སྦྱོང་ཚན་བཅོས་ཀྱི་མིན”ཞེས་བཤད་ནས་བསྐྱོད།

    སློབ་མར་སྦྱོང་ཚན་བཀོད་སྒྲིག་བྱེད་སྟངས་དང་དེའི་མང་ཉུང་གི་ཐད་ལ་ངས་བསམ་བློ་མང་པོ་གཏོང་ཁུལ་བྱས་པ་ཡིན། སྦྱོང་ཚན་བཀོད་སྒྲིག་བྱེད་སྐབས། ངས་གང་ཐུབ་ཅི་ཐུབ་ཀྱིས་སློབ་མ་ཚོར་སྦྱོང་ཚན་ཉུང་ཉུང་མ་གཏོགས་བཀོད་སྒྲིག་བྱས་མེད། ཡིན་ནའང་ཁོ་ཚོ་སྔར་བཞིན་སྦྱོང་ཚན་འབྲི་བར་བྲེལ་གྱིན་འདུག ཐ་ན་ཁ་ལག་ཟ་བ་ལས་སྦྱོང་ཚན་འབྲི་བར་བྲེལ་བ་ཆེ།

    ང་ཚོའི་ས་ཁུལ་གྱི་སློབ་ཆུང་དགེ་རྒན་ཞིག་ཡིན་ཕྱིན། རང་གི་སློབ་ཕྲུག་དག་གིས་སྦྱོང་ཚན་འབྲི་མིན་ལ་དོ་སྣང་ཧ་ཅང་ཆེ་བ་འདྲ་སྟེ། དུས་རྒྱུན་གྱི་སྐད་ཆའི་ཁྲོད་དུའང་སློབ་མ་ཅིག་ཅིག་གིས་སྦྱོང་ཚན་ནན་གྱིས་འབྲི་བ་དང་། ཉིག་ཉིག་གིས་གཏན་ནས་མི་འབྲི་བ་སོགས་གླེང་བ་ཧ་ཅང་མང་ལ། ངས་ཀྱང་དུས་རྒྱུན་སྦྱོང་ཚན་མི་འབྲི་བའི་སློབ་ཕྲུག་དག་ལ་ནན་གྱིས་སྐུལ་སློང་བྱེད་ཀྱི་ཡོད། སྤྱིར་ང་ཚོའི་སློབ་གྲྭའི་ད་ལོའི་མཐར་ཕྱིན་འཛིན་གྲྭ་སྟེ། ངེད་འཛིན་གྲྭའི་སློབ་མ་དག་གིས་སློབ་ཚན་སོ་སོའི་སྦྱོང་ཚན་ཧུར་ཐག་འབྲི་སྲིད། དེ་བས། ངས་སྐབས་རེར་ཇ་ལྷོད་ལྷོད་ངང་འཐུང་ཁོམ་མེད་པར་སློབ་མའི་སྦྱོང་ཚན་བཅོས་པ་ལ། དགེ་རྒན་ལ་ལས་ཡིད་སྨོན་གྱི་ཚུལ་དུ། “ཁྱེད་ཀྱི་སློབ་མའི་ཁྲོད་དུ་སྦྱོང་ཚན་འབྲི་མཁན་མང་བ་ལ། ང་ཚོས་ཤོག་ཅེས་ཅི་ལྟར་བཤད་ཀྱང་གཏན་ནས་མི་ཡོང”ཟེར། དེ་བས། ངས་ཀྱང་སྦྱོང་ཚན་འབྲི་མཁན་གྱི་མང་ཉུང་གི་ཐད་ནས་ངའི་སློབ་ཕྲུག་ཚོ་ཅུང་འགྲིག་འདུག་ཨང་སྙམ་ནས། ཁ་རོག་གེར་ཁོག་ལ་སྤྲོ་བ་ཞིག་འཕེལ་ཡོང་། ཡིན་ནའང་། དལ་གྱིས་བསམ་བློ་ཞིག་བཏང་ན། དེའི་བར་ནའང་འགལ་བ་སྣ་ཚོགས་ཤིག་ཡོད་པ་འདྲ་བས། ང་ལ་བློ་བདེ་པོ་ཞིག་གཏན་ནས་མ་བྱུང་།

    ང་རང་དགེ་རྒན་བྱས་ནས་ཏག་ཏག་ལོ་ངོ་གཉིས་སོང་ཞིང་། དེའི་རིང་ལ་ངས་སློབ་ཁྲིད་བྱ་ཡུལ་ཡང་ད་ལོའི་ལོ་རིམ་དྲུག་པ་འདི་དང་ན་ནིང་མཐར་ཕྱིན་པའི་ལོ་རིམ་དེ་རེད། ཐོག་མར་ངས་ཁོ་ཚོ་ངོ་ཤེས་དུས་ནི་ལོ་རིམ་བཞི་པའི་སྐབས་ཡིན་ལ། སྐབས་དེའི་ཁོ་ཚོ་ནི་སློབ་ཚན་གྱི་སྐབས་སུ་རྣམ་རིག་གསལ་ཞིང་དགེ་རྒན་གྱི་དྲི་བར་ཡིན་མིན་གང་གི་ལན་འདེབས་པར་ཧ་ཅང་སྤྲོ་བ་ཞིག་ཡོད།

    ཡིན་ནའང་། ལོ་རིམ་རིམ་གྱིས་འཕར་ཞིང་། ད་ནི་སློབ་ཆུང་གི་ལོ་ཟླ་ལ་རྫོགས་ཚིག་འགོད་པར་ཉེ་བའི་ངའི་སློབ་ཕྲུག་ཚོའི་སློབ་ཁྲིད་སྐབས་ཀྱི་སྤྲོ་སྣང་དེ་ཇེ་ཞན་ནས་ཇེ་ཞན་རེད། སྐབས་སྐབས་སུ་ཁོ་ཚོ་ནི་དངོས་པོ་རྩ་ཆེན་ཅི་ཞིག་བརླགས་པའི་བདག་པོའམ། འཇིག་རྟེན་གྱི་ཁུར་བོ་ལྕི་མོ་གང་ཞིག་གིས་ཁུར་གྱིས་མནན་པ་ལྟར། གདོང་གི་འཛུམ་མདངས་ཡལ་ཞིང་པྲ་ཚགས་ཀྱི་མིག་ཟུང་ལའང་ཉོབ་མདངས་ཤིག་ཤར་འདུག ངས་དེ་ལྟར་རང་གི་མིག་མདུན་གྱི་སྙིང་ཉེ་བའི་ཁོ་ཚོའི་བཟོ་ལྟ་དེ་ལྟ་བུ་མཐོང་ཐེངས་རེར། སེམས་ཀྱི་གཏིང་ནས་ཚང་མ་ངས་ལན་པ་ཡིན་ནམ། ང་དང་ང་འདྲ་བའི་ངའི་ལས་གྲོགས་ཚོས་ལན་པ་ཡིན་ནམ། ད་དུང་བྱིས་བློའི་དྲི་མ་མ་དག་པའི་ཁོ་ཚོ་འདི་ལྟར་ལུས་པ་ནི་གནད་དོན་ཞིག་མ་ཡིན་ནམ། ད་ནི་ཅི་ཞིག་བྱེད་དགོས་སམ། སྔོན་ཆད་གང་ཞིག་བྱས་པ་ནོར་སོང་ངམ། ང་ལ་རང་དབང་མེད་པར་འཚེར་སྣང་དང་སྐྲག་སྣང་ཡང་སྐྱེས། ཁོ་ཚོས་ནམ་རྒྱུན་དགེ་རྒན་ཞེས་ཡིད་དུང་དུང་གིས་འབོད་ཀྱིན་པའི་ང་ཚོ་ནི། ཁོ་ཚོའི་མཛེས་སྡུག་གི་ལང་ཚོ་དང་དྭངས་གཙང་གི་མི་གཞི་ལ་ཁ་དོག་བྱུག་མཁན་དང་སྤྲོ་སྣང་སྐྱེད་མཁན་དེ་ཡིན་ནམ། ཡང་ན་ཁོ་ཚོའི་བྱིས་སེམས་ཀྱི་སྤྲོ་སྣང་དང་མཚར་སྣང་གི་བློ་རིག་རྣོན་པོ་དེ་བྲག་ལ་རྡེབ་མཁན་དང་ཁུར་པོ་གང་ཞིག་གིས་གཉའ་ནས་གནོན་མཁན་དེ་ཡིན། གཅིག་བྱས་ན་ང་ནི་འཇིག་རྟེན་འདིའི་རླབས་ཆེན་གྱི་དགེ་རྒན་ལས་སྡིག་ཆེན་གྱི་སྡིག་རྒན་ཞིག་ཀྱང་ཡིན་སྲིད་ཨང་སྙམ་ནས། རང་དབང་མེད་པར་རང་གི་སློབ་ཁྲིད་བྱེད་ཕྱོགས་ལ་སྒྱུར་བཅོས་བྱེད་པའི་བློ་ཞིག་ངང་གིས་འཁོར་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།