[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • བྱིས་དུས་འཚོ་བའི་དྲན་འཆར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   དཔལ་ལྷུན།    |    སྤེལ་དུས།   2019-10-20

    ཡུན་རིང་སེམས་སུ་འཆར་ཞིང་ཟུབ་མེད་ཀྱི། །

    བཅོས་མིན་འདང་བརྩེས་གཏམས་པའི་འདས་དོན་གང་། །

    ཕ་ཡུལ་ཞེས་པའི་ཡིག་འབྲུའི་སོ་མཚམས་ན། །

    བདག་གི་མི་ཚེའི་གཏམ་རྒྱུད་འཁྱིལ་ནས་ཡོད། །

    ལྷས་ར་གྲུ་བཞིར་འཁོར་བའི་གཡང་དཀར་ལུག །

    འབའ་འབའི་འཕག་མཆོང་རྩེན་པའི་རོལ་རྩེད་ལྷན། །

    མ་མོའི་ནུ་ཞོར་ཆགས་པའི་ཉིན་ཞག་དག །

    བདག་གི་ལང་ཚོ་སྨིན་པའི་གཏམ་རྒྱུད་ཡིན། །

    མུ་མེད་རྩྭ་ཐང་ཁྱོན་གྱི་རྟ་ནོར་ལུག །

    རྫོགས་མེད་རྩྭ་བཟང་ཆུ་བཟང་ལོངས་སྤྱོད་ཀྱིན། །

    གོམ་འགྲོས་ཡང་མོར་འདེགས་པའི་ལོ་ཟླ་དག །

    བདག་ལ་སྤོབས་པ་བསྩལ་བའི་གཏམ་རྒྱུད་ཡིན། །

    ཞིང་པ་རྒན་པོས་ལས་གཞས་སྙན་པའི་ཁྲོད། །

    དཀའ་བར་མ་འཛེམས་ལུས་ཀྱི་རྔུལ་ཆུ་བཏོན། །

    མཛོ་གཡག་མགོ་སྦྲེལ་ཞིང་འདེབས་ངང་ཚུལ་དག །

    བདག་ལ་སྙིང་སྟོབས་བསྐྱེད་པའི་གཏམ་རྒྱུད་ཡིན། །

    ཞིང་ནང་ལུད་འགྲེམས་རྨོ་འདེབས་རྣང་རོལ་སྙོམས། །

    ཡུར་མ་ཡུར་དང་རྩྭ་ངན་འཐུ་བ་སོགས། །

    གཅིག་རྗེས་གཉིས་མཐུད་སོ་ནམ་བྱེད་ལུགས་དག །

    བདག་ཉིད་རང་རྐྱ་འཕེར་བའི་གཏམ་རྒྱུད་ཡིན། །

    སྔོ་ལྗང་ལང་ཚོས་རྒྱན་པའི་ལྗང་ལོ་དག །

    བསེར་བུའི་བྱམས་དང་ཆར་ཆུའི་བཀའ་དྲིན་ལས། །

    སྟངས་སྟབས་ཡང་མོའི་འདབ་ལོ་རྒྱས་ཚུལ་ཡང་། །

    བདག་གི་སེམས་ཤུགས་བསྐྱེད་པའི་གཏམ་རྒྱུད་ཡིན། །

    ཞིང་གི་མུ་ཁར་བག་ཕེབས་རྩེད་འཇོའི་ངང་། །

    དོར་རྟ་དྲི་ཆུས་བརླན་པའང་མི་རྟོགས་པར། །

    རྩྭ་དང་ས་རྡོའི་རྩེད་མོར་གཡེང་ཚུལ་སོགས། །

    བདག་གི་བྱིས་པའི་དུས་ཀྱི་གཏམ་རྒྱུད་ཡིན། །

    ལང་ཚོས་མ་བཞག་སློབ་གྲྭའི་སྒོ་ཐེམ་འགྲིམ། །

    འདོད་པས་མ་བཞག་ཀ་ཁའི་དབྱངས་རྟར་འཁྲུལ། །

    གཟེངས་རྟགས་དུ་མའི་ལེགས་སྐྱེས་བསྩལ་བ་ཡང་། །

    བདག་གི་ན་ཚོད་སྨིན་པའི་འབྲས་རྟགས་ཡིན། །

    ཀ་མད་སུམ་ཅུས་སྨྲ་ལྕེའི་མདུད་པ་གྲོལ། །

    སུམ་རྟགས་གཉིས་ཀྱིས་མ་རིག་བློ་སྒོ་ཕྱེ། །

    སྙན་ངག་ལ་སོགས་རིག་པའི་གནས་གཞན་ནི། །

    བདག་གི་མཐོང་རྒྱ་བསྐྱེད་པའི་གཏམ་རྒྱུད་ཡིན། །

    རྒྱ་ཡིག་ཚིག་རེར་བསྐྱར་ཟློས་སྦྱོང་འབྲི་དང་། །

    སྦྱོར་ཀློག་རེ་རེའི་སྒྲ་གདངས་མཐོ་དམའ་སོགས། །

    ཤེས་ལ་མ་ཤེས་ཨུ་ཚུགས་མཐར་བསྐྱལ་བ། །

    བདག་གི་བློ་སྒོ་ཕྱེ་བའི་གཏམ་རྒྱུད་ཡིན། །

    ཉིན་མོ་ལུག་རྗེས་དེད་པའི་ངལ་བས་གཅིག །

    མཚན་མོར་ཀ་ཁ་སྦྱོང་བའི་དཀའ་སྡུག་གཉིས། །

    སྐབས་སྐབས་རྒྱུ་སྤུན་ཡོག་པའི་བྲེལ་འཚུབ་གསུམ། །

    བདག་གི་བྱིས་དུས་བཞག་པའི་གཏམ་རྒྱུད་ཡིན། །

    སྲང་མདོ་གང་སར་སྟག་རྒོད་ངར་བ་བཞིན། །

    བདེན་རྫུན་མེད་པའི་ཁ་ཕོ་བཙན་ཚུགས་ཀྱིས། །

    དྲང་པོའི་རྒྱབ་ཏུ་ལངས་པའི་འདས་དོན་དག། །

    བདག་གི“གྲགས་པ”འཕེལ་བའི་གཏམ་རྒྱུད་ཡིན། །

    ལུག་རྫིར་གོམས་པའི་ཨ་ཁུ་དཔལ་ལྡན་ནི། །

    སྔ་རྒྱུས་ད་རྒྱུས་སྒྲུང་གཏམ་འཆད་པར་དགའ། །

    ད་ལྟ་བསམས་ཚེ་རིན་བྲལ་དཔྱད་གཞིར་སྣང་། །

    བདག་ལ་ལམ་སྟོན་གནང་མཁན་དྲིན་ཆེན་ཡིན། །

    ར་ལུག་རྨིག་རྗེས་དེད་པའི་ལོ་ཟླ་འདས། །

    སློབ་གྲྭའི་ཚལ་དུ་གནས་ལྔའི་རྩི་བཅུད་ལ། །

    བུང་བས་སྦྲང་རྩི་གསོག་འདྲའི་འབད་པ་ཡིས། །

    ཉིན་མཚན་བརྩོན་ཚུལ་འདི་ཡང་གཏམ་རྒྱུད་ཡིན། །

    ཤ་ཚའི་ཞལ་ནས་སྙིང་གཏམ་མེད་པ་ཡིས། །

    ཡང་ཡང་གདམས་པར་མཛད་པའི་ཁ་ཏ་ཡང་། །

    རྣ་རྒྱབ་རླུང་བུར་བསྐུར་བའི་སྤྱོད་ངན་དག །

    ཕ་མའི་ཞབས་འདྲེན་ཞུས་པའི་གཏམ་རྒྱུད་ཡིན། །

    སྔ་ལངས་ཕྱི་ཉལ་ཁྱིམ་ལས་བྱེད་དང་ལྷན། །

    དག་ཡིག་སྐྱོར་གྱིན་དྲིན་ཅན་ཡབ་ཡུམ་ལ། །

    ཞིམ་མངར་གསོལ་ཇ་བཀྱག་པའི་ངང་ཚུལ་ཡང་། །

    ཕ་མར་བསྙེན་བཀུར་ཞུས་པའི་གཏམ་རྒྱུད་ཡིན། །

    འདི་ལྟར་སྨྲས་པའི་ཡིན་མདོག་གཏམ་རྒྱུད་དག །

    འདི་འདྲ་ཡིན་ལུགས་སྤོབས་པས་བརྗོད་པ་མིན། །

    འདི་འདྲའི་གཏམ་རྒྱུད་མངའ་བའི་གྲོཌ་མཆེད་ཚོར། །

    འདི་འདྲའི་བསམ་ཚུལ་ཙམ་ཞིག་གྲོས་པ་ལགས། །

    ཨ་གསར་ན་བཟས་གཏུམས་ཤིང་ཁེངས་དྲེགས་ཀྱིས། །

    དང་དོད་རྟ་ཕོར་བཞོན་ཏེ་མི་ཚོགས་དབུས། །

    རྫིག་རྫིག་ཟློས་གར་འཁྲབ་པའི“རྫིག་ཉམས”ཀྱང་། །

    ཡ་རབས་བཟང་པོའི་སྤྱོད་པས་གཞོམ་པར་བྱས། །

    དྲང་པོའི་གཏམ་ལ་བདེན་པའི་བཅུད་ལྡན་ཞིང་། །

    བདེན་པའི་བཅུད་ཀྱིས་ཡང་དག་ལམ་བུ་གསལ། །

    ཡང་དག་ལམ་བུར་བདེ་བའི་དཔལ་གྱིས་གཏམས། །

    བདེ་བའི་དཔལ་ལ་ཡང་ཡང་རོལ་གྱུར་ཅིག །

    མཁས་མཁས་ངོམས་ངོམས་རྫིག་རྫིག་བྱིས་པའི་དུས། །

    ཡིན་ཡིན་མདོག་མདོག་སྙན་སྙན་ཡིག་ལམ་བསྟར། །

    མཛེས་མཛེས་དྲང་དྲང་བདེན་བདེན་དཔྱོད་ལྡན་གྱིས། །

    ཁྲོ་ཁྲོ་འུར་འུར་ལྡིར་ལྡིར་དམོད་ཀྱང་ཆོག །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།