[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ལོ་ངོ་མང་པོའི་རྗེས་སུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཨོ་རྒྱན་རྡོ་རྗེ།    |    སྤེལ་དུས།   2019-10-13

    ལོ་ངོ་མང་པོའི་རྗེས་སུ།

    ངས་མི་ཚེའི་རླུང་ཁ་འདི་ནས། ཡང་ན།

    ལོ་ཟླའི་ཀླུང་ཆེན་གྱི་འགྲམ་ངོགས་འདི་ནས།

    ཆང་གླུ་སྙན་མོ་ཞིག་བསྐྱར་ལེན་བྱས།

    གནའ་སྔ་མོ་སྔ་མོའི་ཆང་གླུ་ཞིག

    ཆང་གླུ་དེ་བསྐྱར་ལེན་བྱེད་དུས། ཡང་ན།

    ཆང་གླུ་དེར་མྱོང་རོལ་བྱེད་དུས།

    དལ་མིན་མགྱོགས་མིན་གྱི་དབྱངས་རྟ་ལས།

    ངས་གློ་བུར་དུ་རྟོགས་འོང་བ་ལང་ཚོ་ནི་བག་མེད་ལོངས་སྤྱོད་བྱ་རྒྱུ་ཞིག་མི་འདུག

    ལང་ཚོ་ནི་དྲན་གསོ་དྲོན་མོ་ཞིག་འཇོག་རྒྱུ་ཡིན་འདུག

    【བཀྲོལ་བཤད】 གཟི་བཀྲ་ཤིས། སྙན་ངག་འདིས་བསྟན་པའི་དོན་ནི་བསྔོགས་པས་འཛད་མཐའ་མེད་པ་ཞིག་ཡིན་སྲིད་ཀྱང་། རང་བློས་གང་དཔོག་གིས་འདི་ལྟར་བློས་བསླངས་བྱས་ཆོག་སྙམ། ལོ་ངོ་མང་པོའི་རྗེས་སུ་ཞེས་པའི་ཁ་བྱང་འདིའམ། ཚིག་རྐང་དང་པོ་འདིས། མ་མཐར་ཡང་མི་ཚེའི་འཕྲང་ལམ་ངེས་ཅན་ཞིག་བརྒྱུད་ཟིན་པའི་གང་ཟག་ཉམས་མྱོང་ཅན་ཞིག་མིག་ལམ་དུ་འཆར་འོང་། ངས་མི་ཚེའི་རླུང་ཁ་འདི་ནས། ཡང་ན། ལོ་ཟླའི་ཀླུང་ཆེན་གྱི་འགྲམ་ངོགས་འདི་ནས། ཆང་གླུ་སྙན་མོ་ཞིག་བསྐྱར་ལེན་བྱས་ཞེས་པའི་ཚིག་རྐང་གསུམ་པོས། སྐྱིད་སྡུག་སྣ་ཚོགས་བརྒྱུད་མྱོང་བའི་གང་ཟག་ཉམས་མྱོང་ཅན་དེ་རང་བཞིན་ནམ་རྒྱུ་དང་རྐྱེན་གང་རུང་གིས་རེ་ཞིག་ཐང་ཆད་པའམ། ཏག་ཏག་ངལ་གསོ་བའི་གནས་སྐབས་གང་རུང་ཞིག་ལ་སྐབས་འཁེལ་བ་དང་། སྐབས་དེར་གནའ་སྔ་མོ་སྔ་མོའི་ཆང་གླུ་ཞིག་བསྐྱར་ལེན་བྱེད་པར་ཐལ་ཞིང་། ཆང་གླུ་དེ་བསྐྱར་ལེན་བྱེད་དུས། ཡང་ན། ཆང་གླུ་དེར་མྱོང་རོལ་བྱེད་དུས། ཆང་གླུ་དེའི་དལ་མིན་མགྱོགས་མིན་གྱི་དབྱངས་རྟ་ལས། གང་ཟག་དེས་གློ་བུར་དུ་གནས་ལུགས་ཤིག་ཤེས་རྟོགས་བྱུང་བ་དང་། གནས་ལུགས་དེ་ནི་ལོ་ངོ་མང་པོའི་རྗེས་སུ་འམ། མི་ཚེའི་ལམ་འཕྲང་གང་མང་བརྒྱུད་རྗེས་གཞི་ནས་ཤེས་རྟོགས་བྱུང་བ་ལས། ན་སོ་གཞོན་དུས་སམ་དེ་སྔོན་གྱི་གནས་སྐབས་གང་རུང་ལ་གནའ་སྔ་མོའི་ཆང་གླུ་དེ་ཡང་བསྐོར་བསྐྱར་བསྐོར་ལེན་མྱོང་ཡོད་སྲིད་ཀྱང་། དེར་སྣང་བ་འཇོག་མྱོང་མེད་ལ། ཆང་གླུ་དེ་ལེན་པ་དང་། བསྐྱར་ལེན་བྱེད་པ། མྱོང་རོལ་བྱེད་པའི་བརྒྱུད་རིམ་ནི་རང་ཉིད་ནར་སོན་པའི་བརྒྱུད་རིམ་ཡིན་པར་སྣང་བ་དེ་བས་བཞག་མ་མྱོང་། དེ་བས་ན་ཚོད་རིམ་གྱིས་སྨིན་པ་དང་བསྟུན་ནས་ཆང་གླུ་དེའི་དབྱངས་རྟ་ཡང་དལ་བ་ནས་མགྱོགས་པའམ་མགྱོགས་པ་ནས་དལ་བ་སྣ་ཚོགས་སུ་འགྱུར་བར་དེ་བས་སྣང་བ་ག་ལ་ཡོང་།

    དེ་ཡང་གནས་ལུགས་གང་ཞིག་ཤེས་རྟོགས་བྱུང་ཡོད་དམ་ཟེར་ན། ལང་ཚོ་ནི་བག་མེད་ལོངས་སྤྱོད་བྱ་རྒྱུ་ཞིག་མི་འདུག ལང་ཚོ་ནི་དྲན་གསོ་དྲོན་མོ་ཞིག་འཇོག་རྒྱུ་ཡིན་འདུག་ཅེས་པའི་མཇུག་མཐའི་ཚིག་རྐང་གཉིས་པོ་དེ་རེད། གོ་བ་ལེན་བདེ་བའི་ཚིག་རྐང་གཉིས་པོ་འདི་ནི་རྩོམ་གྱི་བསྟན་དོན་གཙོ་བོ་དེ་ཡིན་པ་དང་། རྩོམ་པ་པོས་མཐའ་མཇུག་ཀློག་པ་པོར་བརྗོད་འདོད་པ་གཙོ་བོ་དེ་ཡིན་པའི་བདེན་ཁ་སུ་ལ་ཡང་བྱིན་ཆོག་མོད། སྒྲིག་གཞིའི་ཆ་ནས་སམ། བྱུང་རིམ་སྒྲིག་སྟངས་ཀྱི་ཆ་ནས། དེ་ནི་སྙན་ངག་ཧྲིལ་པོའི་མཐོ་ཚད་གསར་པ་ཞིག་དང་དཀྱོག་མཚམས་གསར་པ་ཞིག་ལ་རྟོགས་སླ་སྟེ། ཕྱི་རོལ་ཡུལ་གྱི་བཀོད་པ་ཞིབ་འབྲི་བྱེད་པ་དང་འདྲ་བའི་གོང་གི་སྐད་ཆ་ཡོད་ཚད་ནི། ཆེད་དུ་མཇུག་མཐའི་ཚིག་རྐང་གཉིས་པོ་འདི་གདན་འདྲེན་ཆེད་ལམ་གཤོང་བཞིན་པའི་སྣང་བ་སྟེར་བར་བྱེད་ཅིང་། ཆང་གླུ་དེ་ནི་གནའ་སྔ་མོའི་ཆང་གླུ་ཡིན་པ་དང་། སྙན་པོ་ཡོད་པ། དོན་ཟབ་མོ་གོ་རྒྱུ་ཡོད་པ་གང་ཞིག དེའི་རིན་ཐང་ཡང་། སྔ་ས་ནས་རྟོགས་པ་ཞིག་མིན་ལ། ལམ་སེང་རྟོགས་པ་དང་། ལས་སླ་པོར་རྟོགས་པ་ཞིག་མིན་པའི་ཆོས་ཉིད་དེས་མི་ཚེའི་གནས་ལུགས་གཞན་ཞིག་མ་བཤད་ན་ཡང་། ཞར་བྱུང་དུ་རྟོགས་ཡོང་བ་དང་། བབ་ཆགས་པའི་ཚིག་སྦྱོར་དག་གིས་བདེན་དགེ་མཛེས་གསུམ་གྱི་སྒྱུ་རྩལ་གྱི་ལོངས་སྤྱོད་ཇི་འདྲ་ཞིག་ཉམས་སུ་མྱང་རྒྱུ་ཡོད་པ་་སྙན་ངག་ལ་དང་ཞེན་ཡོད་མཁན་ཚོས་ཡང་ཀློག་བསྐྱར་ཀློག་མཛོད་དང་། རིམ་གྱིས་ཤེས་ཡོང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།