[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • གངས་ལྗོངས་ཀྱི་ཉམས་སྣང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལྕང་བུ་ཆུང་།    |    སྤེལ་དུས།   2019-10-06

    རབ་དཀར་གངས་རིས་བསྐོར་བའི་ཁ་བའི་ལྗོངས། །

    རབ་ལྗང་གཡུ་ལོས་བརྒྱན་པའི་བསིལ་ལྡན་ལྗོངས། །

    རབ་མང་སྐྱེས་ཆེན་འཁྲུངས་སའི་འཛིན་མའི་གཙུག །

    རབ་གསར་དུས་ཀྱི་ལྟོང་ཀར་མདའ་བཞིན་འཕུར། །

    རྣམ་དག་སྲོལ་རྒྱུན་རིག་གནས་དར་སའི་གནས། །

    རྣམ་དཔྱོད་མཁས་གྲུབ་དུ་མ་བྱོན་སའི་ཡུལ། །

    རྣམ་རྒྱལ་ངོ་མཚར་ཕོ་བྲང་ཆགས་པའི་གྲོང་། །

    རྣམ་གསར་གླིང་ན་དགའ་སྐྱིད་དཔལ་གྱིས་མྱོས། །

    དྭངས་བསིལ་ཁ་འབབ་བཞི་ཡི་འབྱུང་སའི་ཁུངས། །

    དྭངས་གཙང་མཁའ་རླུང་གསོས་པས་བཏུམས་པའི་ཞིང་། །

    དྭངས་ཤེལ་མདངས་ལ་འཁུ་བའི་སྣང་བའི་གྲོང་། །

    དྭངས་གཙང་བཀོད་པའི་ར་བར་སྐྱིད་ལ་རོལ། །

    ས་འཛིན་སྤོ་ན་རླུང་རྟའི་ཐོ་ཡོར་རྒོད། །

    ས་གཞིའི་མངལ་ན་རོལ་མོའི་དབྱངས་རྟ་སྙན། །

    ས་མཐོའི་སྟེང་ན་གནའ་དགོན་བརྗིད་ཅིང་བརླིང་། །

    ས་གསུམ་འགྲོ་ཀུན་ཕྱོགས་སའི་ཞིང་འདི་མཛེས། །

    སྣ་མང་ཟོག་གིས་བཀངས་པའི་ཁྲོམ་རའི་ནང་། །

    སྣ་ཚོགས་སྐྱེ་བོ་བུང་བ་ཚལ་ལ་བཞིན། །

    སྣ་བརྒྱའི་འཁོར་རིགས་བང་རྩལ་འགྲན་པའི་ལམ། །

    སྣ་དགུའི་པ་ཏྲ་གཅལ་དུ་བཏིངས་པ་བཞིན། །

    མུ་བྲལ་རྒྱུ་སྐར་ལམ་གྱི་སྣང་བྱེད་འོད། །

    མུ་མེད་ཞིང་ཐང་ཕང་བར་བསྟིམས་པས་ན། །

    ནོར་འཛིན་སྒེག་མོའི་བཞིན་ངོ་ཡུག་གཅིག་ཏུ། །

    ནོར་བུ་དང་པོའི་ཞུན་ཉིད་བྱུགས་དང་མཚུངས། །

    མཁའ་ཡི་གླང་པོའི་སྦྲང་ཆར་ཉིང་ཁུའི་རྒྱུན། །

    སྤང་ལྗོངས་མ་མའི་མངལ་དུ་འཇོ་བ་ཡིས།།

    མཁའ་ཁྱབ་རྩྭ་ཐང་རྩི་ཏོག་གསར་པས་ཁེངས། །

    སྤང་ལྗོངས་མ་མའི་ལྟོ་བ་ནོར་གྱིས་བཀངས། །

    ཚར་དུ་དངར་བའི་སྟར་སྒྲིག་ཁང་བཟང་ཁྱུ། །

    ཤ་མོ་བརྡོལ་བཞིན་འབྲོག་ཐང་ཕང་བར་བསྐྲུན། །

    ངེས་མེད་གནས་ཀུན་འགྲིམ་པའི་འབྲོག་པ་ཚོའི། །

    གཏན་ཆགས་འཚོ་བའི་རྡོ་རིང་གསར་དུ་བཞེངས། །

    མཁའ་ལ་སྲིད་བཟང་ཉི་ཟླ་ཆ་སྒྲིག་འཆར། །

    ས་ལ་ཞིང་འབྲོག་དཔལ་ཡོན་མཉམ་དུ་རྒྱས། །

    ཞོར་ལ་ཐོན་ལས་སྐར་ཚོགས་བཞིན་དུ་འཕེལ། །

    དམངས་ལ་འདོད་ཡོན་འཛོམས་པའི་ལོངས་སྤྱོད་རྙེད། །

    དུས་རབས་གསར་པའི་བག་མ་ཞི་བས་བསུས། །

    དུས་བསྟུན་འཕེལ་རྒྱས་བྱ་གཞག་མཉམ་དུ་གཏོད། །

    དུས་ཚོད་སྐར་ཆའི་ཡུན་ལ་འཕེལ་བའི་གནས། །

    དུས་གསར་སུམ་རྩེན་ཡུལ་འདི་ཅི་ལ་མིན། །

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།