[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • བཤེས་གཉེན་བསྟོད་པའི་མཆོད་སྤྲིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   གངས་སྨྱོན་ཚུལ་ཁྲིམས།    |    སྤེལ་དུས།   2019-09-08

    བཤེས་གཉེན་ལགས། སྟོང་གསུམ་གྱི་འཇིག་རྟེན་ཁམས་འདིར་ངས་ནམ་ཡང་བསྟོད་ཅིང་བཀུར་འདོད་པ་ནི་སྐུ་ཉིད་ཀྱི་ཐུགས་བརྩེའི་བྱམས་སྐྱོང་དང་། རྒྱ་ཆེ་བའི་ཤེས་ཡོན། ནམ་ཡང་གཞན་ཕན་གྱི་སླད་དུ་བུམ་པ་གང་བྱོའི་ཚུལ་གྱིས་ཡོན་ཏན་ཕངས་མེད་དུ་སྦྱིན་པའི་མཛད་འཕྲིན་བཅས་ཡིན།

    བཤེས་གཉེན་ལགས། ལོ་རེའི་ཟླ་9པའི་ཚེས་10ཉིན་ནི་ཁྱེད་ལ་དབང་བའི་དུས་ཁྱད་པར་ཅན་ཞིག་རེད། ལོས་ཡིན། གནམ་འོག་འདི་ན་དུས་ཆེན་འདི་འདྲ་ཞིག་ཡོད་དགོས།

    བཤེས་གཉེན་ལགས། དེ་རིང་ལྷོད་ཤིག་གེར་བཞུགས་མཛོད། བྱིས་པའི་ཚོགས་ཀྱི་འུར་སྒྲ་དང་། རྡུལ་གྱིས་ཁེངས་པའི་ནག་པང་། རི་བོའི་གཏོས་ལ་འགྲན་པའི་སྦྱོང་ཚན། རི་རབ་ཀྱིས་མནན་འདྲའི་ཁུར་པོ་དེ་དག་རེ་ཞིག་བསྐྱུར་ནས་ལྷོད་ཤིག་གེར་བཞུགས་རོགས།

    བཤེས་གཉེན་ལགས། ངའི་རྣ་ལམ་དུ་དབྱངས་གསལ་གྱི་འགྱུར་ཁུག་སྙན་པོ་གནང་མཁན་དེ་ཁྱེད་རང་ཡིན། ཀྱག་ཀྱོག་ཡི་གེ་གཞུ་ལྟར་འཁྱོག་ཀྱང་། དོན་རྩ་མདའ་ལས་འདྲོང་བ་གནང་མཁན་ཁྱེད་རང་ཡིན། བླང་དོར་གྱི་བློ་མིག་འབྱེད་མཁན་ཁྱེད་རང་ཡིན། ཤེས་རིག་གི་གཤོག་ཟུང་གནང་མཁན་ཁྱེད་རང་ཡིན། མདོར་ན་ངའི་ཡོད་ཚད་ཁྱེད་ཀྱིས་གནང་བྱུང་།

    བཤེས་གཉེན་ལགས། དེ་རིང་དམིགས་བསལ་གྱི་ཉིན་འདིར། གློ་བུར་དུ་ང་རང་སློབ་ཆུང་འགྲིམས་པའི་ཉིན་དང་པོ་དེ་དྲན་འོང་།

    དེ་དུས་ཁྱེད་ཀྱིས་ལྷད་མེད་པའི་བྱམས་བརྩེ་ཞིག་གིས་ང་ལ་བསུ་བ་གནང་བྱུང་། ནམ་ཡང་བློ་ཡུལ་ལས་བརྗེད་དཀའ་བའི་བཀའ་མོལ་ཞིག་གིས་བསུ་བ་གནང་བྱུང་།

    དུས་དེ་ནས་བཟུང་། ང་རང་ཁྱེད་ཀྱི་བརྩེ་བའི་སྤྱན་གྱིས་གཟིགས་ཡུལ་ཞིག་དང་། གཡང་གཟར་གྱི་འཇིགས་པ་ལས་སྐྱོབ་ཡུལ་ཞིག མ་འོངས་རེ་ལྟོས་བཅོལ་སའི་བྱིས་པ་ཞིག་ཏུ་གྱུར་སོང་།

    དང་པོའི་སྐྱིལ་ཀྲུང་བཅའ་སྟངས་དང་། ཀ་ཁའི་སྒྲ་འདོན་སྟངས། སྨྱུ་གུ་བཟུང་ལུགས། མདོར་ན་ཡོད་ཚད་ཀྱི་གོམ་པ་དང་པོ་དེ་ནས་སྤོ་འགོ་བརྩམས་སོང་།

    དེ་ལྟར་ལོ་ཟླ་རིམ་གྱིས་འཁོར་ཞིང་། སྐས་ཀ་འཛེགས་འདྲའི་གོམ་འགྲོས་ཀྱིས་ངའི་བློ་མུན་རིམ་གྱིས་སེལ་བྱུང་།

    སྐབས་སྐབས་སུ་ངས་གལ་ཏེ་དགེ་བའི་བཤེས་གཉེན་མེད་ན། ངའི་ལས་དབང་གི་ལམ་སྣེ་གང་དུ་བཅོལ་ཡོད། བློ་རྨོངས་ཀྱི་མུན་པ་ཇི་ལྟར་སེལ། ཤེས་རབ་ཀྱི་རལ་གྲི་སུ་ཡིས་གནང་ཞེས་རང་གིས་རང་ལ་དྲི་བ་འདོན་གྱི་ཡོད།

    བཤེས་གཉེན་ལགས། ད་ལྟ་ང་རང་ཡང་ཁྱེད་ཀྱི་ལམ་དུ་ཞུགས་ཏེ་བཤད་ཁྲིད་སྟེགས་བུ་ཞིག་ནས་དཔེ་ཆའི་ཉིང་བཅུད་དག་སློབ་མའི་ཚོགས་ལ་སྦྱིན་བཞིན་ཡོད། ངོ་མ་ཁྱེད་རང་གིས་བརྒྱུད་པའི་ལམ་བུ་འདི་ཇི་འདྲའི་གཟི་བརྗིད་ལྡན་པ་ཞིག་དང་། དཀའ་ཚེགས་ཅན་ཞིག་ཡིན་པ་གསལ་ལེར་རྟོགས་འོང་།

    སྨྲས་པ། དགུང་ཉི་མ་འཇིག་རྟེན་སྐྱབས་མགོན་རེད། །ཁྱེད་མེད་ན་འཇིག་རྟེན་མུན་ནག་རེད། །ཁོང་བཤེས་གཉེན་རྨོངས་སེལ་མགོན་པོ་རེད། །ཁྱེད་མེད་ན་ང་ཚོ་འོན་ལྐུགས་རེད། །དྲིན་ཕ་མ་ལུས་རྟེན་གནང་མཁན་རེད། །ཁྱེད་མེད་ན་རིན་བྲལ་མི་ལུས་མེད། །ཁོང་བཤེས་གཉེན་བློ་རིག་སྩོལ་མཁན་རེད། །ཁྱེད་མེད་ན་ཤེས་མེད་བེམ་པོ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།