[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • དགེ་རྒན་དུས་ཆེན་བཀྲ་ཤིས་ཤོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཕུར་བུ་རྡོ་རྗེ།    |    སྤེལ་དུས།   2019-09-08

    སྐུ་ལ་ནད་མེད་ལང་ཚོ་རྒྱས། །

    གསུང་ལ་བསླབ་ཁྲིད་བདུད་རྩི་འཁྱིལ། །

    ཐུགས་ལ་བྱམས་བརྩེའི་འོ་མཚོ་ལྡེམ། །

    བཀའ་དྲིན་གསུམ་ལྡན་དགེ་རྒན་ཉིད། །

    འཆད་ན་རིག་པའི་ལྕེ་རྩེ་རྣོ། །

    རྩོད་ན་ངག་རིག་མགྲིན་པ་ཡངས། །

    རྩོམ་ན་རྣམ་དཔྱོད་བློ་གྲོས་མྱུར། །

    དྲིན་ཆེན་སློབ་དཔོན་འདུད་བྱའི་ཡུལ། །

    མ་རིག་མུན་པའི་ཞིང་ཁམས་ནས། །

    མ་ཤེས་མགོ་བོ་འཁོར་བའི་དུས། །

    རྨོངས་མུན་སེལ་བའི་ཉིན་བྱེད་དེ། །

    རིག་པའི་བདག་ཉིད་ཁྱོད་ལས་སུ། །

    ཤེས་བྱ་ཀུན་གཟིགས་སྤྱན་ཡངས་བ། །

    སློབ་ཚོགས་སྐྱོང་བའི་ཐུགས་རྗེ་ཅན། །

    མཛད་རྗེས་ཚད་མེད་བཀའ་དྲིན་ཅན། །

    རིག་པའི་དེད་དཔོན་བཤེས་གཉེན་ཡིན། །

    ལྔ་རིག་ཤེས་བྱའི་བློ་རྒྱ་ཆེ། །

    རྒྱ་མཚོའི་འཇིངས་བཞིན་ཡོན་ཏན་ཟབ། །

    ལྷག་བསམ་གངས་རིའི་མདངས་ལ་འགྲན། །

    ཐུགས་རྗེ་ཆེ་འདི་དགེ་རྒན་ལགས། །

    བླང་དོར་ལེགས་ཉེས་གནས་ལ་མཁས། །

    ཡ་རབས་སྤྱོད་པའི་རང་གཤིས་བཙུན། །

    གཞན་ཕན་དགེ་བའི་ལྷག་བསམ་བཟང་། །

    དུས་གསུམ་བརྗེད་མེད་སློབ་དཔོན་ཉིད། །

    རྨོངས་པས་རྨོངས་པ་ཇི་ལྟར་སྐྱོང་། །

    འོན་པས་འོན་པར་ཅི་ཞིག་སྨྲ། །

    ལོང་བས་ལོང་བ་གང་ལ་འཁྲིད། །

    དེ་ལྟའི་ལས་ལ་བཤེས་གཉེན་མཁས། །

    ན་དུས་ནད་གསོ་སྨན་པ་མཆོག །

    སྡུག་དུས་བྱམས་ཀྱིས་སྐྱོང་བའི་མ། །

    དཀའ་ལས་ལམ་ཁ་གང་མཆིས་ཀྱང་། །

    དེ་ལས་སྐྱོབ་མཛད་དགེ་རྒན་ལགས། །

    ངག་རིག་འོད་ཀྱི་ཟེར་མ་ཡིས། །

    སྨག་རུམ་མུན་པ་མཐར་བསྐྲོད་པའི། །

    ས་སྟེང་རིན་ཆེན་ནོར་བུ་དེ། །

    དགེ་བའི་བཤེས་གཉེན་ཁོ་ན་ཉིད། །

    ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །

    དབྱངས་སྙན་གསུང་གི་བཀྲ་ཤིས་ཤོག །

    རྣམ་དག་ཐུགས་ཀྱི་བཀྲ་ཤིས་ཤོག །

    བཀྲ་ཤིས་ཀུན་འཛོམས་བཀྲ་ཤིས་ཤོག །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།