[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • རྩོམ་གྲོགས་རྣམས་ལ་གྲོས་སུ་འདེབས་པ་རྩོམ་སྒོ་ཕྱེ་བའི་ལྡེ་མིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   འཇམ་དཔལ།    |    སྤེལ་དུས།   2019-08-18

    རང་གི་དགའ་མོས་ཀྱི་ལས་ཅི་དང་གང་ལ་སྤྲོ་བས་འཇུག་པ་དང་། ཆད་ཚེ་ངལ་རེ་གསོ་བ་ཡང་འཚོ་བའི་བདེ་སྐྱིད་རྣལ་མ་ཞིག་ཡིན་ངེས་ལ། རང་ཉིད་ཀྱི་ངོས་ནས་བརྗོད་ན། དཔེ་དེབ་ལྟ་བ་དང་རྩོམ་ཡིག་འབྲི་བ་ནི་ད་ལོ་ན་ནིང་གི་བགྱི་བ་གཙོ་བོ་ཞིག་ཏུ་འཁུམས་སོ། 

    དཔེ་དེབ་རེ་རེར་ཐེངས་རེ་བཀླཌ་རྗེས། རྩོམ་པ་པོ་དེ་ཡིད་ལ་ཝ་ལེར་དྲན་འོངས་པ་དང་། ཐེངས་གཉིས་པ་ཀློག་དུས། ལྷག་ཏུ་རྩོམ་པ་པོ་དེའི་ཆ་བྱད་དག་ཀྱང་གསལ་ལྷང་ངེར་དྲན་འོངས་པས། དེ་བས་ད་ལོའི་དབྱར་གནང་ནི་སྔོན་གྱི་དབྱར་གནང་དག་དང་མི་འདྲ་བར། ཉིན་མོ་འདས་སྐྱེན་པ་དང་མཚན་མོ་ཐོན་སླ་བའི་དྲན་ཚུལ་ཞིག་ཀྱང་སྐྱེས་ལ། དགའ་བའི་ལས་ལ་བརྩོན་པས་འཇུག་དུས་ལུས་སེམས་གཉིས་ཀ་ལྷོད་ལ་བབས་ཏེ་སོས་དལ་བག་ཕེབས་སུ་སྡོད་པའི་གོ་སྐབས་དབེན་ཡང་དཀའ་བ་དང་ངལ་བའི་སྣང་བ་ནི་ཤིན་ཏུ་ཆུང་། 

    རྩོམ་ཡིག་དག་ལ་ཞིབ་མོའི་བློ་ཡིས་དཔྱད་ཅིང་མྱོང་བའི་གནས་སྐབས་སུ་སྤྱིར་ན་རྩོམ་པ་པོ་ཇི་ལྟར་གྱི་བློས་བསླངས་གྱ་ནོམ་པ་དང་། སྒྲོམ་གཞིའི་ཇུས་འགོད་ཕུན་སུམ་ཚོགས་པ། སྒྱུ་རྩལ་གྱི་ཁྱད་ཆོས་ཡིད་དུ་འོང་བ། རྒྱབ་ལྗོངས་ཁ་གསལ་གཏིང་གསལ་རྣམས་ལ་རྒྱུས་ལོན་གཏིང་ཟབ་ཡོང་བར་ད་དུང་རྒྱང་ཐག་རིང་བས། ད་དུང་ལྟ་ཀློག་དང་བསམ་གཞིག་བྱེད་རྒྱུ་ཉུང་དྲགས་པའི་སྣང་བ་འགོག་མེད་དུ་འཆར། 

    དེ་ནས་བཟུང་ངས་ཀྱང་དཔེ་དེབ་གཅིག་ཐེངས་མང་དང་། དཔེ་དེབ་བརྒྱ་ཐེངས་བརྒྱར་ལྟ་བའི་དམ་བཅའ་རྡོ་ལ་རི་མོ་བརྐོས་ཤིང་། ཉིན་མ་འདི་དག་ལ་རྩོམ་བྱང་གསོན་ཉམས་ཅན་ནས་བློས་བསླངས་ངོ་མཚར་ཅན། སྒྲོམ་གཞི་འཐུས་ཚང་ཅན། སྒྱུ་རྩལ་ཐུན་མིན་ཅན། རྒྱབ་ལྗོངས་དོན་དངོས་ཅན་ནས་བསམ་བློའི་རང་བཞིན་འབུར་ཐོན་ཅན་དུ་མངོན་འགྱུར་ཡོང་ཆེད་དཀའ་སྤྱད་ཀྱིས་རྔུལ་ཆུ་གྲངས་མེད་གཏོར་ཞིང་། བྱ་བ་ཡོད་ཚད་ལ་བརྩོན་འགྲུས་མི་དོར་བ་ནི་་ངའི་དུས་གསུམ་གྱི་རྒྱབ་རྟེན་ཟབ་མོ་ལོས་ཡིན། དཀའ་གནད་གཞན་འདྲི་དང་། དོགས་གནད་དཔྱད་བསྡུར་གྱི་ཆ་ལ་ལྷོད་གཡེང་མི་གཏོང་བ་ཡང་དམ་པ་གང་གི་གདམས་ངག་དོན་གཉེར་ལ་འབད་པའི་ལག་ལེན་ཟབ་མོ་ཡང་ཡིན། 

    དུས་མཚུངས་སུ། རྩོམ་ཡིག་ནི་སྐད་ཡིག་གི་ཆུ་ཚད་ཕྱོགས་བསྡུས་དང་། སྤྱི་ཚོགས་ཀྱི་འཚོ་བ་ཚུར་སྣང་། སྐད་ཆའི་སྒྱུ་རྩལ་རྩེར་སོན་དུ་གཏོང་བའི་ཡིག་ཐོག་གི་ལས་རིགས་དཀའ་ཚེགས་ཆེ་ཞིང་གཟི་བརྗིད་ལྡན་པ་ཞིག་ཡིན་གཤིས། དང་པོ་ཉིད་ནས་རྩོམ་གྱི་རྒྱུ་ཆ་གསོག་འཇོག་ལ་སྙིགས་དོར་བཅུད་ལེན་བྱེད་དགོས་སྟེ། རྩོམ་ཡིག་གི་རྒྱུ་ཆ་གསོག་འཇོག་ལ་དཔེ་དོན་གསལ་བྱེད་དང་། ངང་ཚུལ་སྟོན་པ། དོན་གྱི་གནད་ཐོན་པ་སོགས་མིང་དང་སྐད་ཆའི་གསོག་འཇོག་དང་། ཇི་བཞིན་བརྗོད་པ་དང་། དགག་སྒྲུབ། བསྡུས་བརྗོད་ཀྱིས་མཚོན་པའི་བརྗོད་ཐབས་གསོག་འཇོག མངར་སྐྱུར་ཁ་གསུམ་དང་བདེ་སྡུག་བཏང་སྙོམས་ཀྱི་འཚོ་བའི་མྱོང་གོམས་གསོག་འཇོག མཁས་བཙུན་བཟང་གསུམ་དང་མནོག་རྫུན་གཡོ་གསུམ་སོགས་མི་སྣའི་རང་གཤིས་ཀྱི་རྒྱུ་ཆ་གསོག་འཇོག་དང་དེ་དག་བཀོལ་སྤྱོད་ཀྱི་ཐབས་ལམ་ཡང་དག་ལ་འབད་དགོས། དེ་ཡང་རེ་རེ་ལ་སྤྱོད་སྒོ་དང་འཚམ་མིན་གྱི་གཞུང་ལུགས་སམ་སྦྱོར་སྟངས་ནན་མོ་རེ་ཡོད་པས། ཡིད་ལ་གང་དྲན་དང་ལག་ལ་གང་ཐོན་འབྲི་མི་རུང་བར་བརྡར་ཤ་གཅོད་དགོས། རྩོམ་གྱི་ལས་ལ་འཇུག་པ་སུ་དང་གང་གི་རྩོམ་ཡིག་ལ་བདེན་སྣང་དང་། གཏན་ཚིགས། སྒེར་གཤིས། བསམ་བློའི་རང་བཞིན་སོགས་ཁྱད་པར་ཐོན་པ་དང་། ཐོན་པ་དེ་ཡང་རང་བཞིན་ལྷུན་གྲུབ་ཅིག་ལས་བཙན་ཚུགས་ཨུ་ཚུགས་ཤིག་མིན་ན་རབ་ཡིན་ཏེ། དགེ་རྒན་དང་། ཕ་མ། སློབ་གྲོགས། ཕ་ཡུལ་ཞེས་པ་ལྟ་བུའི་རྒྱུན་མཐོང་གི་དོན་དེ་དག་སློབ་གྲོགས་སུམ་ཅུར་འབྲི་རུ་བཅུག་ན། སྤྱིར་བཏང་གི་མི་སུམ་ཅུར་བསམ་པ་སུམ་ཅུ་ཞེས་པའི་དཔེ་ལྟར་ཚིག་གི་སྦྱོར་སྟངས་དང་། སྒྲིག་གཞི་བཀོད་སྒྲིག་བྱེད་སྟངས། བསམ་བློའི་བསྟན་དོན་སོགས་མ་མཐའ་ཡང་དམིགས་བསལ་རེ་ངེས་པར་ཡོད་དགོས་ཨང་། 

    གཞན་རྩོམ་ཉམས་མྱོང་དང་ལག་ལེན་ངེས་ཅན་ཁོང་དུ་ཆུད་རྗེས། རིམ་བཞིན་བརྗོད་བྱའི་ནང་དོན་ལ་བསམ་གཞིག་ནན་མོ་བྱ་གལ་ཆེ་སྟེ། བསམ་གཞིག་ནི་ཚན་རིག་པ་དང་བསམ་བློ་བ་ཆེན་མོ་དག་གི་ལས་ཁོ་ན་ཞིག་མ་ཡིན་པར། ཐ་ན་སློབ་གྲྭ་ཆུང་འབྲིང་གི་ལོ་ཆུང་རྩོམ་པ་པོ་རྣམས་ལའང་ངེས་པར་མཁོ་བ་ཞིག་རེད། ང་ཚོ་ཚང་མས་རྩོམ་ཡིག་འབྲི་བའི་དམིགས་ཡུལ་ནི་སྐད་ཆའི་བརྗོད་པ་དང་ཕྱི་ནང་གི་འབྲེལ་བ་སྣ་ཚོགས་ལ་བརྟེན་ནས་རང་ཉིད་ངོས་འཛིན་དང་། གཞན་ལ་སློབ་སྟོན། མི་གཤིས་བཟང་བཅོས། རང་བྱུང་ཁམས་ལ་སྲུང་སྐྱོབ། སྤྱི་ཚོགས་འཆམ་མཐུན་སོགས་ལ་སྐུལ་བའི་ཆེད་དུ་ཡིན། དེ་བས། བསམ་གཞིག་ནི་ཡོད་ཚད་ཀྱི་ཡོད་ཚད་དང་གསར་གཏོད་ཀྱི་འཇུག་སྒོ་ཡིན། མ་ཟད་རྩོམ་མཁན་རང་ཉིད་ཀྱི་རྒྱུད་ལ་དྲང་བདེན་གྱི་རང་གཤིས་ཤིག་འཇགས་རྒྱུ་གལ་ཆེ་སྟེ། ང་ཚོས་རང་གི་བསམ་བློ་དང་བསམ་གཞིག་གི་འབྲས་བུ་ཡི་གེའི་ལམ་ནས་མཚོན་པར་བྱས་པའི་ཇི་བཞིན་བརྗོད་པའི་རྩོམ་དང་དགག་སྒྲུབ་རྩོམ་ཡིག་སོགས་གང་ཞིག་འབྲི་དགོས་ཀྱང་། གཙོ་བོ་འཇིག་རྟེན་གྱི་གནས་ལུགས་དང་མཐུན་པའི་བྱ་བྱེད་དག་དྲང་བོ་དྲང་བཞག་དང་བདེན་པ་བདེན་ཐུབ་ཀྱིས་འབྲི་རྒྱུ་ནི་ལྷག་ཏུ་གལ་ཆེ་བའོ།

    དེས་ན་ང་ཚོས་རྩོམ་ཡིག་འབྲི་སྐབས་ཀྱང་གནས་ལུགས་ཡང་དག་ཅིག་གི་རྨང་གཞིའི་སྟེང་ནས། རང་ཉིད་ཀྱི་མི་ཚེའི་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ། དེ་བཞིན་རང་གི་འཚོ་བའི་ཁོར་ཡུག་གི་ཕ་མ་སྤུན་མཆེད་དང་། བཟང་ཁ་མཐུན་ཕྱོགས་ལ་འཛིན་པའི་ལྟ་བ། བཟང་ངན་ཤན་འབྱེད་དང་བླང་དོར་འཇུག་ལྡོག་གི་གནས་ཚུལ་སོགས་སྤྱི་ཚོགས་ཡོངས་དང་གནས་ལུགས་ལ་མཐུན་པ་ཞིག་བྱེད་རྒྱུ་གལ་ཆེ། 

    ལྷག་ཏུ་ཕྱི་རོལ་འཇིག་རྟེན་ལ་དཔྱད་པའི་སྒོ་ནས་ལྟ་ཞིབ་བྱེད་དགོས་སྟེ། སྤྱིར་རྩོམ་ཡིག་གི་ཁ་བྱང་ཇི་འདྲའི་ཆུང་ཆུང་ཞིག་དང་ནང་དོན་ཆེ་ཆུང་ཅི་འདྲ་ཞིག་ཡིན་རུང་། རང་ཉིད་ཀྱིས་ཀླད་པས་རྒྱ་བསྐྱེད་དེ། ཁོར་ཡུག་ཅུང་རྒྱ་ཆེ་ས་ཞིག་དང་། མི་སྣ་དྲང་ལྡོག་གཉིས་ཀྱི་སྡོམ་ཡང་དག་ཅིག དམིགས་ཡུལ་གཙང་མ་ཞིག འཇིག་རྟེན་ཅུང་ཆེན་པོ་ཞིག་གི་ཐད་ནས་བསྡད་དེ་རང་གི་སྐད་ཆ་རྣམས་བརྗོད་དགོས། སྤྱིར་རྩོམ་འབྲིའི་གནས་ལུགས་སློབ་པ་ནི་བླང་དོར་གནས་ལ་ཇི་ལྟར་འཇུག་ཚུལ་སློབ་པ་ཡིན་རྐྱེན། དགེ་སློབ་རྣམས་ཀྱིས་དམིགས་པ་ཆེན་པོ་དང་སློབ་གསོའི་ཡང་སྙིང་གི་གཏིང་དེ་ལོན་པར་བྱས་ཏེ། ཁབ་གསོག་འབིཌ་གསོག་གིས་སྤྱི་ཚོགས་ཀྱི་ཕྱི་ནང་ཐམས་ཅད་ནས་ཐོས་རྒྱ་དང་མཐོང་རྒྱ་འཚོལ་གང་ཐུབ་བྱེད་དགོས། དེ་ལྟར་དུ་ང་ཚོའི་སློབ་མ་རྣམས་ཀྱིས་ཀྱང་ཁོར་ར་ཁོར་ཡུག་ན་ཡོད་པའི་མི་དང་བྱ་དངོས་སྣ་ཚོཌ་ལ་ལྟ་ཞིབ་ཡང་ཡང་བྱས་ནས་རང་གི་བྲི་བྱའི་རྩོམ་ཡིག་གི་བརྗོད་བྱ་རྗོད་བྱེད་ལ་གང་ལ་གང་འཚམ་གྱི་བཅུད་སྣོན་ཅི་ཐུབ་བགྱིས་ན། རྩོམ་ཡིག་གི་ལམ་སྣེ་རིམ་གྱིས་ཟིན་འོངས་ལ་བསམ་བློའི་རྩི་བཅུད་ཀྱང་ཁད་ཀྱིས་ཆགས་ངེས། 

    དེར་བརྟེན། ཕུལ་བྱུང་གི་རྩོམ་པ་པོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་བདེ་ཐང་དང་འཕེལ་རྒྱས་སུ་འགྲོ་བར་ཚད་མཐོ་བའི་ཁག་ཁུར་གྱི་འདུ་ཤེས་ཡོད་པ་ཅན་ཞིག་ཡིན་ལ། ཕུལ་བྱུང་གི་བརྩམས་ཆོས་ནི་མིའི་རིགས་ཀྱི་སྤྱི་ཚོགས་མདུན་དུ་བསྐྱོད་པར་ཤན་ཞུགས་བཟང་པོ་ཡོད་པ་ཞིག་ཡིན། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།