[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ལམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཚེ་རིང་བསམ་གྲུབ།    |    སྤེལ་དུས།   2019-08-13

    ལྷོ་སྤྲིན་བྱང་དུ་རྟབ་རྟབ་པོར་རྒྱུག་ཅིང་། ཤར་སྤྲིན་ནུབ་ཏུ་བྲེལ་འཚུབ་ཀྱིས་བཞུད་པའི་དགུན་གཞུང་ཞིག་ལ། བུ་ཆུང་ང་རང་གཉན་ཆེན་ཐང་ལྷའི་ཟུར་འདབས་སུ་ཆགས་པའི་འབྲོག་ཁྱིམ་ཕལ་པ་ཞིག་ཏུ་སྐྱེས་སྐད། འོན་ཀྱང་། མི་ཚེ་ནི་མདུན་ནས་མདུན་དུ་བསྲིངས་པའི་ཆད་ཆད་མཐུད་མཐུད་དང་། སྐྱིད་སྡུག་མཉམ་བསྲེས། དགའ་སྐྱོ་མཉམ་སྡེབ་ཀྱི་བང་རིམ་ལས་བརྐྱངས་པའི་ལམ་བུ་ཞིག་ཡིན་ལ། ལམ་བུ་དེ་ནི་དཀའ་བ་བརྒྱ་ཕྲག་དང་རེ་སྨོན་འབུམ་ཕྲག་གིས་བསླངས་པའི་སྙན་ངག་གི་བླ་སྲོག་ཡིན་ལ། བདེན་རྫུན་གྱི་རྟོག་བཟོས་བྲིས་པའི་ཚེ་སྲོག་གི་དབུ་ཁྱུད་ཡིན། དེ་བས། ང་ལའང་འཇགས་ཏུ་མེད་པའི་རང་གི་འབོད་པ་དང་། གཞོམ་ཞིག་བྲལ་བའི་རང་ཉིད་ཀྱི་ལམ་བུ་ཡོད།

    ལམ་དེར་བཞུད་པར་དཔའ་མཛངས་བརྟུལ་ཕོད་ཀྱི་སྙིང་སྟོབས་ཀྱི་གོ་ཆ་དགོས་ལ། རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་བླང་དོར་དབྱེ་འབྱེད་ཐུབ་པའི་ཤེས་རིག་གི་སྤྱན་ཟུང་ཡང་ཡོད་དགོས། དེ་ལྟར་བྱུང་ན། ད་གཟོད་ང་ཚོས་ལམ་བར་གྱི་ས་བོན་ལས་འབུས་པའི་ལང་ཚོས་སྙེམས་པའི་གེ་སར་གྱི་ཟེའུ་འབྲུ་ལ་ཅི་དགར་རོལ་ཐུབ། ངས་འདི་ལྟར་ལམ་འདི་ཡིད་ལ་བསྒོམ་ཞིང་། མིག་གིས་འཚོས་ནས། ཕོ་ལོ་བཅུ་དྲུག་གིས་སྤོས་པའི་རྐང་པའི་སྟངས་སྟབས་རེ་རེ་མུ་ནས་མུ་མེད་དུ་བསྲིངས་པའི་རྒྱང་རིང་ཕུགས་འདུན་གྱི་ཆུ་ཀླུང་དེར་དེད་ཅིང་འོང་། ལམ་བུ་དེར། དཔྱིད་གསུམ་གྱི་ཐལ་རླུང་གི་འཚུབ་ཆ་དང་། དགུན་གསུམ་གྲང་རེག་གི་ཟུག་གཟེར། སྟོན་གསུམ་ལྷགས་རླུང་གི་སྐྱོ་གདུང་། དབྱར་གསུམ་ཚ་བའི་སྡུག་བསྔལ་ལྕི་ནའང་། ཁོ་བོར་མངའ་བ་ནི་ནམ་ཡང་ཉམས་པ་མེད་པའི་གསོན་ཤུགས་དང་། བཟློག་ཏུ་མེད་པའི་རེ་བ་འབའ་ཞིག་ཡིན།

    ད་དུང་ཡང་ནན་གྱིས་ཞུ་དགོས་པ་ནི། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་གྱུར། །བདག་ཉིད་ཁོ་ན་ལེགས་དུལ་ན། །རྙེད་པར་དཀའ་བའི་མགོན་རྙེད་གྱུར། །ཞེས་པ་སྟེ། རང་ཉིད་ཀྱི་གདེང་སྤོབས་དང་རང་ཉིད་ཀྱི་རྣམ་ཤེས་མདུན་དུ་སྐུལ་མཁན་ནི་རང་ཉིད་ཁོ་ན་ལས་གཞན་སུའང་ཁག་འགེལ་ལེ་བདའ་བྱེད་ས་མེད་པས། རང་ཉིད་ཀྱི་ཉོན་མོངས་དང་ཁོང་ཁྲོ་རང་ཉིད་ཀྱིས་འཇོམས་དགོས་ལ། རང་ཉིད་ཀྱི་རྣམ་གཡེང་དང་རྨོངས་གཉིད་རང་ཉིད་ཀྱིས་དཀྲོག་འོས། ངས་རང་ཉིད་ཀྱི་ཁེ་དབང་གནས་ལུགས་ཀྱིས་འཚོལ་གྱིན། རང་གི་མི་ཚེའི་དབུགས་རྒྱུན་ལ་རང་ནུས་ཡོད་རྒུ་རྩལ་དུ་སྤྲུགས་ཏེ། ཨ་གསར་གྱི་ནད་ཡམས་དང་། རྙིང་ཞེན་གྱི་བག་འཁུམས་ལས་རིང་དུ་གྱེས་ཏེ། སྐྱེས་ཆེན་གྱི་ཐུགས་བསྐྱེད་དང་། མཁས་པའི་མཁྱེན་རབ་ལ་སློབ་སྦྱོང་ཧུར་ཐག་ཞུས་ནས། རང་ཉིད་ཀྱི་མི་ཚེའི་ལམ་བུ་འོད་ཟེར་སྟོང་དང་ལྡན་པ་ཞིག་ཡོང་ཆེད་དཀའ་སྤྱད་འབད་འབུངས་བྱེད་ངེས་སོ།།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།