[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ​ གླེན་པ་ཅིམ་ཕེར་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ སིན་ཀོས་བརྩམས(ཨ་རི) རལ་གྲི་སྒང་སྤེན་རྒྱལ་གྱིས་བསྒྱུར།    |    སྤེལ་དུས།   2019-08-11

    (གཟའ་འཁོར་གོང་མའི་འཕྲོ)

    ཞོགས་པའི་ཉི་གཞོན་ཤར་བ་དང་ངས་ར་པིའི་རྩར་རོགས་སྐྱོར་གནང་རོགས་ཞུ་བར་ཕྱིན་པས་མཐར་གནད་དོན་དེ་གྲོང་རྡལ་ཡོངས་སུ་རླུང་ལྟར་ཁྱབ་སོང་། ཁོང་ཚོས་གང་མགྱོགས་ཕྱག་ཁང་གི་དབུ་འཛིན་ལགས་ཨེར་ཁའ་འཚོལ་ཏུ་མངགས། ཁོ་མོས་ཕྲུ་གུ་པང་དུ་ཉར་ནས་སླེབས་བྱུང་། ཁྱེད་ཀྱིས་བསམས་ན་མོས་ག་རེ་བཤད་པ་འདྲ་འདུག མོས་ཁ་ཚོན་བཅད་དེ་ལས་ངན་འདི་བརྩམས་མེད་ཅེས་ཁས་ལེན་གཏན་ནས་མ་བྱས། མོས་ད་དུང“ཁོ་གཏན་འཁེལ་སེམས་འཆོལ་བ་རེད། ངས་རྨི་ལམ་ནང་གི་དོན་དག་མི་ཤེས་ལ་ལྷ་འདྲེས་བཤད་པ་དེ་འདྲ་མི་ཤེས”ཞེས་བཤད་པས། དེར་ཡོད་ཀྱི་མི་ཚང་མས་མོ་ལ་སྐད་ཤུགས་ཆེན་པོས་ཐ་ཚིག་བསྒྲགས་པ་དང་ཅོག་ཙེ་ཡང་རྡུང་། འོན་ཏེ་མོས་གཏན་ནས་ཁས་མི་ལེན་པར་དེ་ནི་རང་ཉིད་ལ་ཉེས་འགེལ་བྱས་པ་ཞིག་རེད་ཅེས་བཤད། དེར་མ་ཟད་བཤན་པ་འགའ་ཞིག་དང་ཇག་པ་ཉུང་ཤས་ཤིག་གིས་ཀྱང་མོ་ལ་རོགས་པ་བྱས་ཤིང་། བཤས་ར་ནས་འོང་བའི་ཕོ་གཞོན་ཞིག་གིས་ངའི་འགྲམ་དུ་ཡོང་སྟེ“ང་ཚོས་ཁྱེད་ལ་དོ་སྣང་ཡུན་རིང་བྱས་པ་ཡིན། མི་ངན་ཁྱེད་དོགས་པ་ཟ་དགོས་པ་ཞིག་འདུག”ཅེས་ཟེར་བྱུང་། སྐབས་དེར་ཕྲུ་གུས་མོའི་ལུས་ཐོག་ཏུ་བཙོག་པ་བཏང་བས་ར་པིའི་མཆོད་ཁང་དུ་དམ་པའི་གསུང་རབ་བཞག་ཡོད་རྐྱེན་དེར་བཙོག་སྐྱོན་གཏོང་བ་ནི་མི་འགྲིག་པ་ཞིག་ཡིན་པས་ཁོང་ཚོས་ཨེར་ཁའ་རང་གནས་སུ་བསྐྱལ་སོང་། ངས་ར་པིར“ང་ཇི་ལྟར་བྱ་དགོས”ཞེས་བཀའ་འདྲི་ཞུས་པས། ཁོང་གིས“ཁྱེད་ལམ་སང་མོ་དང་ཁག་ཁག་བྱེད་དགོས”གསུངས། “མོས་གལ་སྲིད་ཁག་ཁག་བྱེད་ཀྱི་མིན་ཟེར་ན་ཅི་བྱེད”ཅེས་ཡང་བསྐྱར་ཞུས་པར། “ཁྱེད་ཀྱིས་ངེས་པར་དུ་མོ་དང་ཁག་ཁག་བྱ་ཐུབ་པ་དགོས། དོན་འདི་ལས་གལ་ཆེ་བ་ཞིག་མེད”ཅེས་གསུངས། ངས“ལགས་སོ། ར་པི། ངས་བསམ་བློ་ཞིག་བཏང”ཞེས་ཞུས་པར། ཁོང་གིས“ད་དུང་བསམ་བློ་གཏོང་དགོས་དོན་ཅི་ཡོད། ཁྱེད་མོ་དང་མཉམ་དུ་སྡོད་མི་རུང”གསུངས་པར། ངས་སླར“གལ་སྲིད་ང་ཕྲུ་གུ་དང་འཕྲད་འདོད་ན་ཇི་ལྟར་བྱེད”ཅེས་ཞུས་པར། ཁོང་གིས་“གཞང་འཚོང་མ་དེར་ཁ་ཡ་བྱེད་དགོས་མ་རེད་ལ། བྱིས་ཕྲུག་དེ་ཚོར་ཡང་ཇུས་གཏོགས་བྱེད་མི་དགོས”ཞེས་གསུངས། མཐར་ར་པིས་ཉིན་དེ་རིང་ནས་བཟུང་ང་མ་ཤི་བར་མོའི་སྒོ་རྩར་འགྲོ་མི་ཆོག་པའི་ཐག་གཅོད་གནང་།

    ཉིན་མོ་ང་ལ་མི་སྐྱིད་པའི་ཚོར་བ་གང་ཡང་མ་བྱུང་། སེམས་སུ་གང་ལྟར་དོན་གང་འདྲ་ཞིག་ཡིན་ནའང་ལྷག་འདོད་ན་ངེས་པར་ལྷག་འོང་སྟེ་རྨ་ཞིག་ཡིན་ཕྱིན་རྣག་འབྱིན་པ་དང་གཅིག་པ་རེད་སྙམ། ཡིན་ནའང་མཚན་མོ་འཆར་བ་དང་རང་ཉིད་གཅིག་པུར་གྲོ་ཞིབ་དོ་པོའི་སྒང་དུ་ཉལ་དུས། ཨ་ཙི་དོན་འདི་ཐམས་ཅད་ནི་ཡི་མུག་པ་ཞིག་རེད་ཨང་སྙམ་པ་དང་། ཁོ་མོ་དང་ཕྲུ་གུ་དྲན་པའི་འདུན་པ་དེ་གཏན་ནས་འགོག་མི་ཐུབ། ང་ཁོང་ཁྲོ་ཟ་འདོད་ཡོད་ཀྱང་ངའི་སྐྱོན་ཆ་ཆེ་ཤོས་ཤིག་སྟེ། ད་བར་དུ་ཞེ་གཏིང་ནས་ཁོང་ཁྲོ་ཟ་བ་ནི་གཏན་ནས་བྱུང་མྱོང་མེད། དེ་ཡང་ངས་འདི་ལྟར་བསམས་པ་ཡིན་ཏེ། འཇིག་རྟེན་ཐོག་གི་མི་སུ་འདྲ་ཞིག་ཡིན་ནའང་སྐྱོན་ཕྲན་བུ་རེ་མི་ལྷག་པ་ནི་མི་སྲིད་ཅིང་། སུས་ཀྱང་སྐྱོན་ཆ་མི་ལྷག་པའི་འགན་ལེན་ཡང་བྱེད་མི་ཐུབ་སྙམ་གྱི་ཡོད། ད་རེས་ཀྱི་དོན་འདི་ཡང་གཅིག་བྱས་ན་མོ་དང་མཉམ་དུ་སྡོད་མཁན་གྱི་ཕོ་གཞོན་དེས་མོ་ལ་ལག་རྟགས་འདྲ་སྤྲད་དེ་བསླུ་བྲིད་བྱས་པ་ཡང་ཡིན་སྲིད། བུད་མེད་ཟེར་བ་དེ་མ་གཞི་ནས་མགོ་སྐྲ་རིང་ཡང་བློ་སྣ་ཐུང་བས་ཁོས་མོ་ལ་འཐོམ་ཞྭ་གཡོགས་པའང་ངེས། ཡང་མིན་ན། ཁོ་མོས་ཁས་ལེན་མི་བྱེད་པ་དེ་གཅིག་བྱས་ན་ངས་མཐོང་བ་དེ་ཡང་སྣང་ཡུལ་ཙམ་ཡིན་སྲིད། འཆར་སྣང་ཟེར་བ་དེ་སྐབས་རེ་འབྱུང་སྲིད་པ་ཞིག་ཀྱང་ཡིན་པས་མཚམས་མཚམས་སུ་ཕ་གིར་མིའམ་ཐེའུ་རང་དང་། ཡང་ན་དངོས་པོ་གང་རུང་ཞིག་དངོས་སུ་མཐོང་ནའང་འཁྲིས་སུ་སླེབས་དུས་གང་ཡང་མི་སྣང་བར་གྱུར་སྲིད་པས། གལ་སྲིད་དེ་འདྲ་ཡིན་ན་ངས་མོ་ལ་བསྙད་འདོགས་བྱས་པ་རང་རེད། དེ་ལྟར་བསམས་ཤིང་བསམས་ཤིང་ཡིད་ལ་ཀུན་རྟོག་གི་རི་མོ་འདྲ་མིན་སྣ་ཚོགས་འཆར་བས་རང་དབང་མེད་པར་ངུ་ཤོར་བ་དང་མིག་ཆུའི་ཐིགས་པས་གྲོ་ཞིབ་ཀྱི་དོ་པོ་ཡང་བརླན་པར་བྱས་སོང་།

    སང་ཉིན་གྱི་ཞོགས་པར་ངས་ར་པི་བཙལ་ཏེ་རང་ཉིད་ཀྱིས་ནོར་འཛོལ་བྱུང་འདུག་ཅེས་གསལ་བཤད་བྱས་པས། ཁོང་གིས་བྱ་སྒྲོའི་སྨྱུ་གུས་དེ་དོན་ཤོག་ཐོག་ཏུ་བཀོད་པ་མ་ཟད། ད་དུང་ང་ལ་གལ་ཏེ་དོན་དེ་ཁྱེད་ཀྱིས་བཤད་པ་ལྟར་ཡིན་ན་ངས་གྱོད་གཞི་དེ་མགོ་ནས་ཡང་བསྐྱར་རྩད་ཞིབ་བྱེད་ཀྱི་ཡིན་ཟེར། དེའི་རིང་ང་ཆུང་མའི་རྩར་འགྲོ་མི་ཆོག་ཀྱང་མི་གླས་ཏེ་མན་པའོ་དང་དངུལ་སྐྱེལ་ཆོག་པའི་ཆོག་མཆན་གནང་།

    གསུམ།

    ཟླ་དགུ་སོང་རྗེས། གཞི་ནས་ར་པི་རྣམས་དོན་དེར་གྲོས་མཐུན་བྱུང་བ་དང་། འབྲེལ་ཡོད་ཀྱི་འཕྲིན་ཡིག་ནི་སྒྲོན་བུ་ཞིག་དང་འདྲ་བར་ཕར་སྐྱེལ་ཚུར་སྐྱེལ་བྱེད། ངས་དོན་འདི་འདྲ་ཞིག་ལའང་ཤེས་བྱ་མང་པོ་ཞིག་ཡོད་པར་བསམ་བློ་གཏན་ནས་འཁོར་མ་ཡོང་། དེའི་རིང་། ཨེར་ཁཱ་ལ་ཡང་ཕྲུ་གུ་ཞིག་སྐྱེས་ཤིང་ད་རེས་སྐྱེས་པ་དེ་ནི་བུ་མོ་ཞིག་རེད་འདུག

    བདེ་གཤེགས་ཉིན་མོར་ངས་ཕྱག་ཁང་དུ་བསྐྱོད་དེ་ཁོ་མོར་བགེགས་བར་མི་ཡོང་བའི་ཆེད་དུ་དཀོན་མཆོག་ལ་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད། ཁོང་ཚོས་ང《མོ་ཤི་གཞུང་ལྔ》འཇོག་སར་འཁྲིད་པ་དང་ངས་ཕྲུ་གུར་སྒྱུག་མོའི་མིང་དེ་བཏགས་ཏེ། སྒྱུག་མོའི་རྣམ་ཤེས་བདེ་ལྷོད་ཡོང་བའི་སྨོན་ལམ་ཡང་བཏབ། དེས་རྐྱེན་པས་གྲོང་ནང་གི་གཞན་ལ་འཕྱ་སྨོད་བྱ་རྒྱུར་དགའ་བའི་མི་དེ་དག་དང་ཁ་མང་ལྕེ་མང་གི་མི་དེ་དག་མན་པའོ་ཁང་དུ་འོང་སྟེ། ང་ལ་གཤེ་གཤེ་རོ་འདྲ་བ་ཞིག་བཏང་བྱུང་། གྲོང་རྡལ་ཧྥ་ལ་མོ་པོའི་མི་ཡོངས་ཀྱིས་ང་ལ་སྡུག་བསྔལ་དང་སྐྱོ་སྣང་བྱུང་བར་སླར་ཡང་དགའ་འབོད་དང་སྙིང་སྟོབས་ཆེར་བསྐྱེད་བྱེད་ཀྱི་འདུག འོན་ཏེ་ངས་ནི་མི་གཞན་གྱིས་བཤད་པའི་སྐད་ཆར་ཡིད་ཆེས་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན། གལ་སྲིད་ཡིད་ཆེས་མ་བྱས་ན། ང་ལ་ཁེ་བཟང་གང་ཞིག་ཐོབ་བམ། དེ་རིང་ཁྱེད་ཀྱིས་ཆུང་མར་ཡིད་ཆེས་མ་བྱས་ན་སང་ཉིན་ཁྱེད་ཀྱིས་དཀོན་མཆོག་ལ་ཡིད་ཆེས་མི་བྱེད།

    མན་པའོ་ཁང་དུ་དགེ་ཕྲུག་ཅིག་ཡོད་པ་དེ་ངའི་ཆུང་མའི་གྲོང་པ་རེད། ངས་ཉིན་ལྟར་ཁོ་བརྒྱུད་དེ་ཨེར་ཁའ་ལ་ཨ་ཤོམ་མན་པའོ་དང་ལྷན་དུ་གྲོའི་མན་པའོ་དང་། དེ་མིན་ཀེག་ཕྲན་བུ། མན་པའོ་སྒོར་སྒོར་རམ་མན་པའོ་བསྲེག་མ་འདྲ་བསྐུར་གྱི་ཡོད། གོ་སྐབས་བྱུང་ན་ཕི་ཐུད་དམ་ཏན་ཞིམ། ཡང་ན་གཉེན་སྒྲིག་སྐབས་ཟ་མྱོང་བའི་ཤིང་ཏོག་སྒྲིལ་མ་སོགས་གང་ལྟར་ངའི་ལག་ལ་ཐེབས་ཚད་ཁོ་མོར་བསྐུར་གྱི་ཡོད། དགེ་ཕྲུག་ཁོ་ཡང་སེམས་པ་བཟང་བའི་མི་ཞིག་ཡིན་པས་མཚམས་རེ་རང་ཉིད་ཀྱི་དངོས་པོ་ཡང་ངའི་རྔན་པ་དང་ལྷན་དུ་ཆུང་མར་སྤྲོད་ཀྱི་འདུག དེ་སྔོན་ཁོས་ངའི་སྣ་ནས་འཐེན་པའམ་ཡང་ན་རྩིབ་ལོགས་སུ་གཞུས་ཏེ་རླུང་ལང་དགོས་བཟོ་མྱོང་ཡོད། འོན་ཏེ། ཁོ་ངའི་ཁྱིམ་དུ་མགྲོན་པོར་སླེབས་པ་ནས་བཟུང་ཞི་དུལ་བག་ཡོད་ཅན་ཞིག་ཏུ་གྱུར་འདུག ཐེངས་ཤིག་ཁོས་ང་ལ“ཅིམ་ཕེར། ངས་བལྟས་ན་ཁྱེད་ཀྱི་ཆུང་མ་ནི་ལྟ་ན་སྡུག་ཅིང་ཕྲུ་གུ་གཉིས་པོའང་སྙིང་རྗེ་མོ་ཞིག་འདུག་པས་ཁྱེད་རང་ཁོང་ཚོ་དང་འཚམ་པོ་གཏན་ནས་མི་འདུག”ཟེར། “ཡིན་ནའི་མི་མང་པོས་ཁོང་ཚོར་འདྲ་མི་འདྲ་ཤོད་པ་ཁྱོད་ཀྱིས་མི་གོའམ” “འོ། མི་དེ་ཚོ་མ་གཞི་ནས་ཁ་མང་དེ་འདྲ་རེད། ཁོང་ཚོར་ཉིན་ལྟར་གཞན་ལ་ལབ་གླེང་བྱ་རྒྱུ་མ་གཏོགས་ལས་ཀ་མེད་པས་ཁྱེད་ཀྱིས་ན་ནིང་དགུན་ཁར་གྲང་ངར་ཅི་འདྲ་བྱུང་མིན་ལ་སྣང་བ་མ་བཞག་པ་ནང་བཞིན་ཁོང་ཚོའི་སྐད་ཆར་ཡང་སྣང་འཇོག་བྱ་དགོས་དོན་མེད”ཅེས་ཁོས་ང་ལ་ལན་བཏབ།

    ཉིན་ཞིག ར་པིས་ང་ཁོ་རང་རྩར་བོས་ཏེ“ཅེམ་ཕིར། ཁྱེད་ཀྱིས་ཏན་ཏན་རང་གི་མནའ་མར་མ་ཉེས་ཁག་གཡོག་བྱས་འདུག་གམ”ཞེས་བཀའ་འདྲི་གནང་བས། ངས“གཏན་ཁེལ་ཡིན”ཞེས་བཤད། “ཡིན་ནའི་ཁྱེད་ཀྱིས་དོ་དོ་ཏན་ཏན་བྱོས་ཨང་། དོན་དེ་ཁྱེད་ཀྱིས་དངོས་སུ་མཐོང་བ་ཞིག་རེད་དཱ”ཞེས་སླར་སྨྲས་པར། ངས“གཏན་འཁེལ་གྲིབ་གཟུགས་ཤིག་རེད”ཅེས་བཤད། “ཁྱེད་ཀྱིས་བལྟས་ན་ག་རེའི་གྲིབ་གཟུགས་རེད” “ངས་བསམས་ན་ཁང་པའི་ཀ་བ་རེད” “དེ་འདྲ་ཡིན་ན་ཁྱོད་ཆུང་མའི་རྩར་ཁྱིམ་དུ་ལོག་ཆོག་གི་རེད། ཁྱེད་ཀྱིས་ཡའང་ནོག་ཧྥེ་ལ་པི་ལ་ཐུགས་ཆེ་ཞུས། ཁོང་གིས་མའེ་མོ་ཉི་རྡི་ཙེའི་ལྗགས་རྩོམ་ལས་ཁྱེད་ལ་ཕན་ཐོགས་ཡོད་པའི་དཔྱད་གཞི་རབ་རིབ་ཅིག་རྙེད་འདུག”ཅེས་གསུངས་པར་ངས་ཁོང་གི་ཕྱག་ལ་འཇུས་ཏེ་འོ་ཞིག་བྱས་པ་ཡིན།

    ང་ལ་ད་ལྟ་རང་ཁྱིམ་དུ་ལོག་ཨང་བསམ་པའི་འདུན་པ་ཆེན་པོ་སྐྱེས། ཕྲུ་གུ་དང་ཆུང་མ་མ་མཐོང་བར་རྒྱུན་རིང་པོ་འདི་འདྲ་སོང་བ་ནི་དོན་ཆུང་ཞིག་ག་ནས་ཡིན། ཡིན་ནའང་བསམ་བློ་ཞིབ་པར་གཏོང་དུས། ཉིན་མོའི་ལས་ཀ་རྣམས་བསྒྲུབས་ཚར་རྗེས་ཁྱིམ་དུ་ལོག་ནའང་སྐྱོན་ཅི་ཡོད་སྙམ། མ་གཞི་དོན་དེས་ངའི་སེམས་སུ་མེ་ཏོག་ཤར་ཏེ་ལོ་གསར་དགའ་གཏོང་ལ་རོལ་བ་ལྟ་བུའི་སྤྲོ་སྣང་དཔག་ཏུ་མེད་པ་ཞིག་འདུག་ཀྱང་སུ་ཞིག་ལའང་བརྗོད་མེད། བུད་མེད་ཚོས་སྔར་རྒྱུན་བཞིན་ཉིན་ལྟར་བདག་ལ་འཕྱ་སྨོད་དང་ཟུར་ཟ་བྱེད། ད་ནི་གནས་ཚུལ་དེ་ཇི་ལྟར་ཡིན་མིན་རྩད་གཅོད་ཞིབ་ཕྲ་བྱས་ཟིན་པ་དང་མའེ་མོ་ཉི་རྡི་ཙེས་ཀྱང་དེ་བཞིན་དུ་གསུངས་ལ་ངོ་མ་ཡང་དག་པ་ཞིག་ཀྱང་རེད།

    མཚན་མོར། ངས་བག་ཟན་ལ་ཁེབས་ཡག་པོ་གཡོགས་ཏེ་བསྙལ་བ་དང་རང་ཉིད་ལ་བདག་པའི་མན་པའོ་དང་གྲོ་ཞིབ་དོ་པོ་ཆུང་ཆུང་དེ་འཁྱེར་ནས་ཁྱིམ་དུ་ལོག་པ་ཡིན། ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་སྐར་ཕྲན་ཚོགས་ཀྱིས་འཛུམ་ཕྲེང་དགོད་ཀྱང་ལམ་བར་དུ་སྐྱི་གཡའ་བའི་ཚོར་སྣང་ཞིག་དབང་མེད་དུ་སྟེར་འོང་། ངས་གོམ་སྟབས་མགྱོགས་སུ་བཏང་ནའང་མདུན་ངོས་སུ་གྲིབ་མ་རིང་པོ་ཞིག་འབྲལ་མེད་དུ་བཅར་ཡོང་། དགུན་ཁ་ཟིན་པས་ད་ལྟ་རང་ཁ་བ་ཞིག་བབས་ཡོད་བཟོ་འདུག ང་རང་གླུ་ཞིག་ལེན་འདོད་ཀྱང་ཕྱི་པོ་འདི་འདྲར་གཞན་གྱི་གཉིད་དཀྲོག་ན་མི་འགྲིག་སྙམ། ཅུང་ཙམ་ནས་ཤུ་ཞིག་རྒྱག་དགོས་བསམས་ཀྱང་མཚན་མོར་ཤུ་བཏབ་ན་གདོན་འདྲེ་འོང་ཟེར་བ་དྲན་པས་ཁུ་སིམ་པོར་གང་མགྱོགས་ཁྱིམ་གྱི་ཕྱོགས་སུ་བསྐྱོད་པ་ལས་ཐབས་ཤེས་མ་བྱུང་།

    ཡེ་ཤུའི་དད་ལྡན་པའི་ར་སྒོར་ནས་བརྒྱུད་སྐབས། ཁྱི་ཁ་ཤས་ཤིག་ངའི་ཕྱོགས་སུ་ཟུག་ཡོང་གི་འདུག ཡིན་ནའང་ངའི་སེམས་སུ་ཁྱེད་ཚོ་སྐད་རྒྱོབས་ཤིག སྐད་རྒྱབ་དྲགས་ཏེ་སོ་བུད་ན་ཏག་ཏག་རེད། ཁྱེད་ཚོ་ཁྱི་གོག་ཙམ་ལས་གང་ཡང་མ་རེད། འོན་ཏེ་ང་ནི་མི་ཞིག་ཡིན། ཆུང་མ་མཛེས་པོ་ཞིག་ཡོད་པའི་ཁྱོ་བོ་དང་བལྟ་བཟོ་ཡོད་པའི་ཕྲུ་གུ་གཉིས་ཀྱི་ཕ་ཞིག་ཡིན་སྙམ།

    ང་ཆུང་མའི་ཁང་པའི་ནང་དུ་འཛུལ་དུས་ཉེས་པ་གསོག་ལ་ཁད་ཀྱི་ཉེས་ཅན་པ་ཞིག་དང་འདྲ་བར་སྙིང་ཁ་རྡིག་རྡིག་ཏུ་འཕག ང་ཞེད་པ་མ་ཡིན་ཀྱང་སྙིང་ཁ་ནི་མུ་མཐུད་དེ་རྡིག་རྡིག་ཏུ་འཕག་འོང་། ཧེ། ཕྱིར་བཤོལ་གཏན་ནས་བྱེད་མི་རུང་། ངས་ག་ལེར་སྒོའི་ཨ་ཤིང་ཕྱེ་ཏེ་ནང་དུ་འཛུལ། ཨེར་ཁའ་གཉིད་སྐྱིད་པོ་ཞིག་ཁུག་འདུག ངས་ཕྲུ་གུའི་འགུལ་སླེར་བལྟ་ཙམ་བྱས། ཁྲ་ཡོལ་བརྒྱབ་འདུག་ཀྱང་ཟླ་འོད་ཕྲ་མོ་ཞིག་སྒེའུ་ཁུང་གི་སྲུབས་ནས་འཕྲོས་འོང་། ངས་འཇིག་རྟེན་འདིར་སླེབས་ནས་དུས་ཡུན་རིང་པོ་མ་སོང་བའི་ཕྲུ་གུ་དེའི་གདོང་ལ་ལེགས་པར་བལྟས་པ་ཡིན། ངོ་གདོང་འདིར་ང་རང་ཤིན་ཏུ་དགའ་བ་མ་ཟད། ལུས་ཐོག་གི་ཆ་ཤས་གང་ལའང་ང་རང་ཧ་ཅང་དགའ་པོ་ཡོད།

    ངས་ཉལ་ཁྲིའི་གམ་དུ་དལ་བུར་བཅར་ནས་བལྟ་དུས་ཨེར་ཁའི་འཁྲིས་སུ་ཉལ་ཡོད་པའི་དགེ་ཕྲུག་ཁོ་མཐོང་། དེ་མ་ཐག་ཏུ་ཟླ་འོད་མོག་པོར་གྱུར་ཅིང་ཁང་པ་ཡང་ནག་འཐོམ་མེར་བཏང་། ངའི་ལུས་ཡོངས་འདར་བ་དང་ཡས་སོ་དང་མས་སོ་གཉིས་ཀྱང་འཛིང་རེས་ཐུག་པ་མ་ཟད། ལག་ཏུ་ཡོད་པའི་མན་པའོ་དེ་ཡང་ས་ཐོག་ཏུ་ལྷུངས། ཆུང་མས་མི་ཞིག་ཡོད་པ་ཤེས་འཕྲལ་སུ་ཡིན་ཞེས་དྲིས། ངས་ཟ་རི་ཟི་རིའི་ངང“ང་ཡིན”ཞེས་ལྡབ་ལྡིབ་ཀྱིས་བཤད། “ཅིམ་ཕེར་ཡིན་པ་རེད། ཁྱེད་འདིར་ཅི་བྱེད་ཀྱིན་ཡོད། ངས་བརྗེད་མེད་ན་ཁྱེད་འདིར་ཡོང་མི་ཆོག་པ་མིན་ནམ”ཞེས་ལན་སློག་བྱུང་།

    ངས“ར་པི་ལགས་ཀྱིས་རྒྱུགས་གསུང་གིས”ཞེས་ཤོད་དུས་ང་ལ་ཚ་བ་དྲག་པོ་བརྒྱབ་པ་ལྟར་ལུས་ཡོངས་འདར་སིག་སིག་བྱེད།

    “ཅིམ་ཕེར། ངས་བཤད་པར་ཉོན་དང་། ཁྱེད་ར་ཚང་ནང་བསྐྱོད་དེ་ར་མོ་དེར་གཅིག་ལྟོས་དང་། ཕལ་ཆེར་ན་ཡོད་བཟོ་འདུག” འོ་རེད། ངས་རྣམ་པ་ཚོར་ང་ཚོའི་ཁྱིམ་དུ་ར་མོ་གཅིག་ཡོད་པའི་སྐོར་བརྗོད་རྒྱུ་མ་བྱུང་བ་རེད། ག་དུས་ཡིན་ནའང་ར་མོ་དེ་ན་བའི་སྐོར་ཐོས་ན་ངས་ལམ་སེང་བལྟ་བར་འགྲོ་གི་ཡོད། ར་མོ་དེ་ནི་ཡིད་དུ་འོང་བ་ཞིག་ཡིན་པས་ངས་མི་ཞིག་དང་ཧ་ལམ་དབྱེར་མེད་ཀྱི་བརྩེ་བ་བཅངས་ཡོད།

    ངས་ཐེ་ཚོམ་ངང་ར་ཚང་དུ་བསྐྱོད་པ་དང་སྒོ་ཕྱེ་ནས་བལྟ་དུས་ར་མོ་དེ་ཉལ་མི་འདུག ངས་གཟུགས་ཡོངས་ལ་རེག་པ་དང་རྭ་ཅོ་ནས་འཐེན་ཙམ་བྱས་པ་མ་ཟད། ནུ་མར་ཡང་བལྟ་ཞིབ་བྱས་མོད། ན་ཚ་གང་ཡང་མི་འདུག ཕལ་ཆེར་ཤིང་པགས་བཟའ་ཡས་མང་དྲགས་པ་འདྲ། ངས་ར་མོར“གཉིད་སྐྱིད། ར་མོ་ཆུང་ཆུང་། ལུས་ལ་ཅ་ག་བྱོས་ཨཱ”ཞེས་བཤད་པས་སྒོ་ཟོག་ཆུང་ངུ་འདིས་ཀྱང་མེའི་མེའི་ཞེས་སྒྲོག་ནས་ཧ་ལམ་བདག་གིས་བསམ་བཟང་བྱས་པར་ཐུགས་ཆེ་ཞུ་བ་ཡིན་འདུག

    ང་ཁང་པའི་ནང་ལོག་དུས་དགེ་ཕྲུག་ཁོ་མཐོང་སར་བསྡད་མི་འདུག

    “ཁོ་ག་པར་ཕྱིན་སོང”ཞེས་དྲིས་པར། “ཁོ་སུ་ལ་ཟེར་གྱི་ཡོད་དམ”ཞེས་ཆུང་མས་ལྡོག་འདྲི་བྱས།

    “རང་འདི་ཅི་ཟེར། དགེ་ཕྲུག་དེ། ད་གིན་ཁྱེད་གཉིས་མཉམ་དུ་ཉལ་འདུག་གཱ”ཞེས་བཤད་པས། མོས“མདང་ནུབ་དང་དོ་ནུབ་གཉིས་ཀར་ངའི་རྨི་ལམ་དུ་འདྲེ་གདོན་སླེབས་བྱུང་། རེ་བར་ཁོང་ཚོས་ཁྱོད་བསད་དེ་ཕུང་པོ་དང་རྣམ་ཤེས་གཉིས་ཀ་འཁྱེར་ཕྱིན་ན་ཏག་ཏག་རེད། ཁྱེད་གདོན་གྱིས་བཟུང་བས་འདི་ལྟར་མིག་འཁྲུལ་འགྲོ་བ་རེད”ཟེར་བ་དང་མུ་མཐུད་དེ་སྐད་ཤུགས་ཆེན་པོས“ལྟས་ངན་བྱོལ་སོང་ཁྱོད་ཡིན་ན། གླེན་པ། ཀླ་ཀློ། ཁྱེད་འདི་ནས་རྒྱུགས། མ་ཕྱིན་ན་ངས་ཧྥ་ལ་མོ་པོའི་གྲོང་མི་ཡོངས་སྐད་གཏོང་གི་ཡིན”ཞེས་གཤེ་གཤེ་དྲག་པོ་བཏང་།

    ང་གོམ་པ་གང་ཡང་ཕྱིར་སྤོས་མ་བྱས་གོང་ནས་མོའི་གཅུང་པོས་ཐབ་ཀྱི་རྒྱབ་ལོག་ནས་མཆོངས་ཡོང་སྟེ། ངའི་ལྟག་རྒྱབ་ཏུ་སིང་སྒྲ་འཁོལ་བ་ཞིག་གཞུས། ངའི་བསམ་པར་ད་ཡིན་ན་ཁོས་ངའི་མཇིང་པ་བཅག་སོང་སྙམ་ཞིང་འདི་ལྟར་ཁ་རྩོད་བྱས་ན་རང་གིས་རང་ལ་རྙོག་དྲ་བཟོས་པ་ཡིན་འདུག་པས“དོན་མེད་རྩོད་སློང་མ་བྱེད། ཁྱེད་ཚོས་འདི་ལྟར་བྱེད་པ་ནི་མི་ཚང་མའི་སྣང་ངོར་ངས་གདོན་འདྲེ་འཁྲིས་ཡོང་བ་རེད་བསམ་ཏེ་སུས་ཀྱང་ངའི་མན་པའོ་ལ་ལག་པའང་འཆང་མི་ནུས་པ་བཟོ་བསམ་པ་མ་རེད་དམ”ཞེས་བཤད་པ་ཡིན་ལ་མོའི་དམིགས་ཡུལ་ཡང་དེ་ག་རང་རེད། མོ་གཞི་ནས་ལྷིང་པོར་གྱུར་བ་དང་ཁ་ནས“འགྲིག་སོང་། འགྲིག་སོང་། ཁྱོད་མར་ཉོལ་སྡོད། ཁྱོད་ཀྱི་ལུས་ཐོག་ཏུ་འཁོར་ལོ་བཏང་ནས་ཤ་འཐོར་རུས་འཐོར་བཟོས་ན་ཏག་ཏག་རེད”ཅེས་ཟེར།

    (མུ་མཐུད་འགོད་རྒྱུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།