[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ངའི་ཨ་མ་འཛམ་གླིང་རིམ་པའི་སྐྲ་བཞར་མཁས་ཅན་ཡིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   གངས་ཕྲུག་བློ་རྒྱ།    |    སྤེལ་དུས།   2019-07-21

    ང་ནི་ལོ་རབས་བརྒྱད་ཅུ་པའི་ནང་སྐྱེས་པའི་ཕྲུ་གུ་ཞིག་ཡིན། ཨ་ཅང་ཅང་། ད་ལྟ་ཕྲུ་གུ་ཞིག་ལབ་ན་ག་ལ་འགྲིག ཕོ་ལོ་སུམ་ཅུའི་ཐེམ་སྐས་འགྲིམ་པའི་མི་རྒན་ཞིག་སྟེ་ཕྲུ་གུ་གཉིས་ཀྱི་ཨ་ཕར་གྱུར་ཟིན། ང་རང་ཆུང་དུས་ཕ་ཡུལ་གྲོང་གསེབ་ཀྱི་ས་རྡོའི་པང་དུ་ཐལ་རྩེད་ལ་རོལ་སྐབས། ཨ་མས་སྐྲ་ལོ་ཡང་ཡང་བཞར་མྱོང་། དེ་དུས་ད་ལྟའི་ལོ་རབས་ཀྱི་དར་སྲོལ་ཆེ་བའི་སྐྲ་བཞར་ཁང་གི་མིང་ཡང་འབྱུང་རྒྱུ་རེད། ཨ་མས་སྣམ་བུའི་སྤུ་སྙིགས་བྲེག་བྱེད་ཀྱི་ཇེམ་ཙེ་ཆེན་པོ་ཞིག་འཁྱེར་ཡོང་ནས་ངའི་མཇིང་པ་ནས་ཨུ་ཚུགས་ཀྱིས་བཀུག་སྟེ་སྣུམ་དྲེག་དང་ཐལ་བས་འཚོས་པའི་ངའི་སྐྲ་ལོ་ཟང་ཟིང་དག་ཙ་ར་ཙ་ར་ཞེས་བྱང་ཆ་ལྡན་པའི་ངང་ཇེམ་ཙེས་བཞར་གནང་གི་ཡོད། སྐབས་དེ་དུས་ཨ་མས་བོང་བུས་འབ་བྲད་བརྒྱབ་པའི་སྐྲ་ཞེས་སྐྲའི་གཞོགས་གཉིས་ནས་ཇེམ་ཙེ་བཏང་སྟེ་མགོ་བོང་བུས་འབ་བྲད་བརྒྱབ་པ་ཇི་བཞིན་བཟོ་བ་དང་། ཡང་མཚམས་རེ་བྱིའུས་མཆུ་ཏོག་བརྒྱབ་པའི་སྐྲ་ཞེས་མགོ་བོའི་དཔྲལ་ཐོད་དུ་བྱིའུས་མཆུ་ཏོག་བརྒྱབ་པ་ལྟ་བུའི་སྐྲ་རྫོབ་སྒོར་སྒོར་ཞིག་འཇོག་པ་ལས་དེ་བྱིངས་ཀྱི་སྐྲ་ཚང་མ་གཙང་མར་བཞར་གནང་གི་ཡོད། ད་དུང་སྐབས་རེ་མགོ་མར་ཀོག་ཅེས་སྐྲ་ཚང་མ་གཙང་ཧྲིལ་ཧྲིལ་དུ་བཞར་ནས་མགོ་རིལ་མར་ལྟང་ལྟ་བུ་ཞིག་བཟོ་གནང་གི་ཡོད། དེ་དུས་ཨ་མས་སྐྲ་བཞར་ཚར་རྗེས། ང་རང་བྲེལ་འཚུབ་ངང་ཕྱི་ལོགས་སུ་རྩེད་མོ་རྩེ་བར་འགྲོ་སྐབས་གྲོང་པའི་རྩེད་རོགས་ཕྲུ་གུ་ཚོས་ངའི་མགོ་ལ་མཛུབ་མོ་ཀེར་ནས་ཁྲེལ་དགོད་ལྷང་ལྷང་དང་སྦྲགས། འོ་ལེ་་་་་འོ་ལེ་་་བོང་བུས་འབ་བྲད་བརྒྱབ་པའི་སྐྲ། འོ་ལེ་་་་འོ་ལེ་་་་་བྱིའུས་མཆུ་ཏོག་བརྒྱབ་པའི་སྐྲ། འོ་ལེ་་་་་འོ་ལེ་་་་མགོ་བོ་མར་ཀོག་ཅེས་རྣ་བར་གཟན་པའི་མཚང་མིང་བཏགས་ནས་འབོད་སྐབས། ངས་ཨ་མ་དང་ཨ་མའི་ཕྱག་ཏུ་བསྣམས་པའི་ཇེམ་ཙེ་ཆེན་པོ་དེར་ལེ་བདའ་གྲངས་མེད་བྱས་མྱོང་། 

    ལོ་ཟླའི་ཆུ་མོ་རྒྱང་རིང་དུ་བཞུར་བ་དང་བསྟུན་ནས་ང་རང་ཡང་རིམ་བཞིན་ནར་སོན་པ་དང་། སློབ་གྲྭ་ཆེན་མོ་ནས་ཐོན་རྗེས་ལྷ་སའི་ལས་ཁུངས་ག་གེ་མོ་ཞིག་ཏུ་ལས་ཀ་རག་པ་མ་ཟད། དེའི་རྗེས་སུ་བརྩེ་བ་ཟབ་པའི་མཛའ་མོ་ཞིག་དང་ལས་ཀྱི་ཐག་པ་དམ་པོར་འབྲེལ་ཏེ་སྔ་ཕྱིར་བུ་མོ་གཉིས་ཀྱི་རྣམ་ཤེས་འཇིག་རྟེན་མི་ཡུལ་དུ་ལྟད་མོར་བསུས་ནས་ཁྱིམ་གྱི་ཕ་རྒན་ཞིག་གི་ལས་འགན་ཕྲག་ཏུ་ཁུར། ད་ཆ་ལས་ཀའི་ཞོར་དུ་ང་ལ་བརྗེད་མི་རུང་བའི་དགའ་ཕྱོགས་ཤིག་ཡོད་པ་ནི། ནམ་རྒྱུན་ལས་ཁུངས་ཀྱི་ལས་ཀ་གྲོལ་མ་ཐག་ཁྱིམ་དུ་ལོག་ནས་ཇ་ཕོར་པ་གང་རེ་འཐུང་ཞོར་བརྙན་འཕྲིན་གྱི་གློག་སྒོ་ཕྱེ་སྟེ་རྐང་རྩེད་སྤོ་ལོའི་འགྲན་སྡུར་ལྟ་རྒྱུར་དབྱིངས་ཞུགས་པ་དེ་རེད། ལོ་འདི་དག་རིང་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་མང་བལྟས་པ་བརྒྱུད་ང་ལ་རང་བཞིན་དུ་གོམས་གཤིས་ཁྱད་མཚར་ཞིག་འཇགས་བྱུང་བ་ནི། སྤོ་ལོ་མཁས་ཅན་དེ་ཚོའི་མགོ་བོའི་སྐྲ་ཡི་བཟོ་དབྱིབས་ལ་དོ་སྣང་ཆེན་པོ་བྱེད་མཁན་ཞིག་ཏུ་གྱུར། གང་ཡིན་ཟེར་ན། ངས་ནམ་རྒྱུན་བརྙན་འཕྲིན་ནང་ནས་རྐང་རྩེད་སྤོ་ལོའི་ཐང་ཆེན་དུ་སྤོ་ལོ་རྒྱག་བཞིན་པའི་མིང་གྲགས་ཅན་གྱི་སྤོ་ལོ་མཁས་ཅན་དེ་ཚོའི་མགོ་བོའི་སྐྲ་ཡི་བཟོ་ལྟ་དེ་ཚོ་མཐོང་དུས། གློ་བུར་དུ་ཐག་རིང་གྲོང་གསེབ་ཏུ་བཞུགས་པའི་ངའི་ཨ་མ་རྒན་མོ་དང་། ཁོང་གི་ཕྱག་ཏུ་བསྣམས་པའི་ཇེམ་ཙེ་ཆེན་པོ། ཆུང་དུས་ཁོང་གིས་བཞར་མྱོང་བའི་ངའི་སྐྲ་ལོའི་བཟོ་དབྱིབས་བཅས་དེ་དག་རེ་རེ་བཞིན་མིག་ལམ་དུ་གློག་བརྙན་བསྟན་པ་བཞིན་འཆར་འོངས། 

    ངའི་བསམ་པར། འཛམ་གླིང་ཐོག་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གཡོ་བའི་སྤོ་ལོ་མཁས་ཅན་དེ་དག་གི་མགོ་བོའི་སྐྲ་ཡི་བཟོ་དབྱིབས་ལ་ཡུལ་དུས་ཀྱི་འགྱུར་བ་ཇི་ཙམ་བྱུང་ཡང་། ངའི་ཨ་མས་ལོ་ངོ་ཉི་ཤུའི་གོང་དུ་ཇེམ་ཙེ་ཆེན་པོས་བཞར་བའི་ངའི་སྐྲ་ཡི་བཟོ་རྩལ་ལས་བརྒལ་མི་ཐུབ་པར་སྙམ་ལ། གལ་སྲིད་ང་རང་ཡང་བསྐྱར་ལོ་རབས་བརྒྱད་ཅུ་པའི་བྱིས་དུས་སུ་ཕར་ལོག་ཐུབ་ན། ངས་གྲོང་པའི་རྩེད་རོགས་ཕྲུ་གུ་དེ་ཚོར་ངའི་ཨ་མས་བཞར་བའི་སྐྲ་ལོའི་བཟོ་དབྱིབས་ངོམ་བཞིན་ང་ལ་རོའོ་ནཱར་ཏོ་དང་། Cརོའོ། སྦེ་ཧ་མོ་སོཌ་འཛམ་གླིང་གི་རྐང་རྩེད་སྤོ་ལོ་མཁས་ཅན་ཚོའི་མིང་ཐོག་ནས་འབོད་དུ་འཇུག་སྲིད་ལ། དེ་བས་ཁོང་ཚོའི་རྣ་རྩ་རུ་སྐད་ཤུགས་ཆེན་པོས། ངའི་ཨ་མ་འཛམ་གླིང་རིམ་པའི་སྐྲ་བཞར་མཁས་ཅན་ཡིན། ཞེས་སྤོ་ཀེར་ཀེར་ངང་བརྗོད་ངེས་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།