[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • གོ་ལའི་གཙུག་རྒྱན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཆོས་འབྲོག་ཉི་མ་དོན་ལགས།    |    སྤེལ་དུས།   2019-07-21

    རིགས་བཟང་ཧི་མ་ལ་ཡི་རྒྱུད་ལས་འཁྲུངས། །

    དྭངས་གཙང་ལྷ་ཡི་གོས་ཀྱིས་མཛེས་པར་བཀླུབས། །

    རིན་ཆེན་གཉིས་པའི་མདངས་འཛིན་ཐོར་ཅོག་ཅན། །

    སྒེག་ལྡན་ཇོ་མོ་གླང་མ་སྲིད་ན་རྒྱལ། །

    སྲིད་འདིའི་བགྲང་ཡས་ས་འཛིན་དཀར་པོའི་དབུས། །

    ཀུན་ལས་རྣམ་པར་རྒྱལ་བས་ཕ་རོལ་གནོན། །

    བརྗིད་ཆགས་ངོ་མཚར་ཇོ་མོ་གླང་མ་འདི། །

    ནོར་འཛིན་གོ་ལའི་དབུ་རྩེར་གཡོ་མེད་གནས། །

    ཉི་གཞོན་འོད་ཀྱི་འཕང་འགྲོ་ལན་བརྒྱ་རུ། །

    རྟུལ་ཕོད་གངས་རིར་འཕེན་ཡང་མ་ཉམས་པས། །

    སྐྱེངས་ཏེ་ནུབ་ཕྱོགས་ཆུ་ལྷའི་ཕང་བ་རུ། །

    བསྐྱོད་ནས་ཕྱི་མིག་ཡང་ཡང་ལྟ་བཞིན་གབ། །

    འཇིག་རྟེན་འདི་ན་དཀར་བའི་མདངས་དང་བཅུད། །

    མ་ལུས་གཅིག་ཏུ་བསྡུས་འདྲའི་གོང་བུ་ཅན། །

    ཡ་མཚན་ཟླུམ་དབྱིབས་ས་ཡི་གཙུག་གཏོར་ལ། །

    ལྷ་ཆེན་ཚངས་པའི་ཡིད་འཕྲོག་ཅ་ཅོ་མང་། །

    བརྗིད་ཆགས་རྩ་བ་ནོར་འཛིན་གཞིར་ཚུགས་ཀྱང་། །

    རྩེ་མོ་དགུང་སྔོན་དབྱིངས་སུ་འཕགས་པ་འདི། །

    སུམ་རྩེན་ལྷ་མོ་བག་མར་བསུ་འདོད་དམ། །

    ཡང་ན་ལྷ་མོའི་རྗེས་སུ་བསྙེགས་སམ་ཅི། །

    གང་ལ་འཛེག་ནུས་དཔའ་བོ་སུ་མཆིས་པ། །

    དེ་ཡི་རྒྱལ་མཚན་རང་གི་ཅོད་པན་དུ། །

    བཅིངས་ནས་སྐབས་གསུམ་གནས་སུ་སྟོན་པ་དང་། །

    འཛིན་མའི་སྐྱེ་རྒུར་ངོམ་པའི་ཚུལ་འདི་མཚར། །

    འཇིག་རྟེན་གཞལ་མེད་ལྷ་ཡི་ཁང་བཟང་བཞིན། །

    དབང་སྔོན་མདངས་འཛིན་བག་ཡངས་ཀུན་གསལ་ཐོག །

    དགུང་དུ་འདེགས་བྱེད་རྡོ་རྗེའི་ཀ་བ་འདི། །

    ནོར་བུ་དཀར་པོའི་ཚོགས་ལས་གྲུབ་བམ་ཅི། །

    ཡོན་ཏན་བརྒྱད་ཀྱིས་ཕྱུག་ཅིང་རབ་དཀར་ལུས། །

    ལྗོན་ཤིང་མེ་ཏོག་དབང་གཞུའི་སྨད་གཡོག་ཅན། །

    རིན་བྲལ་སྲོག་ཆགས་སྨན་དང་གཏེར་གྱི་མཛོད། །

    མཛངས་ལྡན་ཁ་བའི་རྒྱལ་མོ་ཅིས་མི་མཛེས། །

    མཛེས་སོ་ཇོ་མོ་གླང་མའི་དཔལ་ཡོན་ལ། །

    ཆགས་པས་སྲེད་ལྡན་ཆུ་འཛིན་གཞོན་ནུའི་ཚོགས། །

    རྩེ་འདོད་མྱོས་པའི་རྣམ་འགྱུར་སྣ་ཚོགས་བཅས། །

    འཚང་ཁ་ཤིག་ཤིག་ངང་དུ་གངས་ལ་འཁྱུད། །

    གངས་ཅན་ནོར་འཛིན་སྒེག་མོའི་ལང་ཚོའི་མཚན། །

    དཀར་བཅུད་རོ་བརྒྱའི་བདག་ཉིད་གངས་ཀྱི་རིས། །

    རབ་དཀར་བདུད་རྩིའི་རྒྱུན་བཟང་སྟེར་བ་ནི། །

    གངས་ལྗོངས་སྐྱེ་རྒུའི་ལྷག་བསམ་དཀར་དང་མཚུངས། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།