[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • འགྲོ་བ་མིའི་བློ་རིག་བྱུང་ཚུལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསོད་ཆོས་ཀྱིས་བསྡུས།    |    སྤེལ་དུས།   2019-07-14

    སྔོན་སྲིད་པ་འཇིག་རྟེན་གྱི་ཐོག་ན་བློ་རིག་སེམས་ཅན་གཞན་ལས་རྒོད་པའི་འགྲོ་བ་མི་བྱ་བ་གཅིག་ཀྱང་མེད་ཅིང་། སེམས་ཅན་ཐམས་ཅད་གདོད་མའི་ནགས་ཚལ་སྟུག་པོའི་ཁྲོད་དུ་རི་དྭགས་ཇི་བཞིན་འདྲ་འདྲ་མཉམ་མཉམ་གྱིས་འཚོ་སྡོད་བྱེད་པ་དང་། ཉིན་ལྟར་ནགས་ཀླུང་གི་དཀྱིལ་ནས་ཟས་འཚོལ་བཞིན་སྡོད་ཀྱི་ཡོད།

    ཉིན་ཞིག་སྟག་སེང་དོམ་དྲེད་སོགས་སེམས་ཅན་མང་པོ་འདུས་པའི་སར་གནམ་སྔོན་མོའི་སྟེང་ནས་དཀོན་མཆོག་ཕེབས་ཏེ་ཕྱག་ཏུ“ཤེས་པ”ཞེས་པའི་ཤ་རྡོག་གཅིག་བསྣམས་ནས། ཁྱེད་ཚོ་རི་དྭགས་དང་གཅན་གཟན་རྣམས་ཉིན་ལྟར་ཟས་བཙལ་ནས་འཚོ་བ་སྐྱེལ་གྱི་ཡོད་རུང་། ཚང་མར་ཤེས་རིག་གམ་བློ་རིག་གཟེངས་སུ་ཐོན་པ་གང་ཡང་མེད་པས། ཕྱིས་འབྱུང་འཚོ་བར་ཡར་རྒྱས་ཆེན་པོ་གང་ཡང་ཡོང་མི་ཐུབ། ངའི་ལག་ཏུ་ཡོད་པའི“ཤེས་པ”ཟེར་བའི་ཤ་རྡོག་འདི་ལ་ལྕེ་ལྡག་གཅིག་བརྒྱབ་ན། ཁྱེད་ཚོའི་བློ་རིག་གསལ་དུ་འགྲོ་ངེས་པས། ཁྱོད་ཚོ་ཚང་མས་ཁེ་གྱོང་དང་ཉེ་རིང་གང་ཡང་མེད་པར། བགོ་བཤའ་འདྲ་འདྲ་མཉམ་མཉམ་བརྒྱབ་ནས། ལྕེ་ལྡག་རྒྱོབ་ཅིག་ཅེས་གསུངས་ཏེ། དཀོན་མཆོག་ཉིད་རྡུལ་དག་པའི་ས་གཞིའི་སྟེང་ནས། གཡའ་དག་པའི་ཨ་སྔོན་གྱི་དབྱིངས་སུ་འཕུར་ཏེ་དག་པའི་ཞིང་ཁམས་ལ་ལོག་ཕེབས་པ་རེད།

    དཀོན་མཆོག་ཕེབས་ཟིན་རྗེས་གཅན་གཟན་རྣམས“ཤེས་པ”ལ་ལྕེ་ལྡག་རྒྱག་རྒྱུའི་ཐད་གྲོས་བསྡུར་བྱེད་འགོ་ཚུགས། རི་དྭགས་གཅན་གཟན་ཚང་མ་འཛོམས་ནས་ནམ་རྒྱུན་གྱི་དབང་ཆ་ཆེ་ཆུང་གི་གོ་རིམ་བཞིན་ལྕེ་ལྡག་རྒྱག་རྒྱུའི་གྲོས་འཆམ་བྱུང་བ་རེད། དེ་ནས་རི་དྭགས་གཅན་གཟན་ཚོས་སོ་སོའི་གདན་ཐོབ་བཞིན་གོ་རིམ་བསྒྲིགས་པའི་སྐབས་སུ། གཅན་གཟན་མགོ་ནག་སླེབས་མེད་པ་ཤེས་ནས། ཁོ་འབོད་མཁན་སུ་འགྲོ་བའི་སྐོར་ལ་གྲོས་བྱས། མཐར་ལས་ཀ་དེ་ཨ་ཕོ་སྟག་གིས་དོམ་ལ་བསྐུལ། དོམ་གྱིས་སྤྲེའུ་ལ་བསྐུལ་བ་ལྟར་དབང་ཆེ་ཆུང་བཞིན་བཀའ་ཕབ་པས་མཐའ་མཇུག་རི་བོང་འགྲོ་རྒྱུ་གཏན་འཁེལ། རི་བོང་གིས་གལ་ཏེ་ང་གཅན་གཟན་མགོ་ནག་སྐད་གཏོང་བར་སོང་ན། ཁྱེད་ཚོས་ང་མེད་པའི་སྐབས་དང་བསྟུན་ནས“ཤེས་པར”ལྕེ་ལྡག་བརྒྱབ་ནས་ཤ་རྡོག་དེ་རྫོགས་སྲིད། དེ་ལས་ང་མ་ཕྱིན་གོང་ནས་ངའི་སྐལ་བ་དེ་ལྕེ་ལྡག་རྒྱག་ཏུ་འཇུག་རོགས་གནང་ཞེས་བཤད་པར། ཚང་མ་མོས་མཐུན་བྱུང་ནས་རི་བོང་ལ་ལྕེ་ལྡག་རྒྱག་ཏུ་བཅུག་པས། རི་བོང་ལ་བློ་དང་ཤེས་རབ་གང་འཚམ་བྱུང་བ་རེད། དེར་བརྟེན་རི་བོང་ནི་རི་དྭགས་སེམས་ཅན་གཞན་ལས་རྣམ་རིག་བཀྲ་ཞིང་། སྲིད་པ་འཇིག་རྟེན་གྱི་ཁམས་སུ་རི་བོང་བློ་ལྡན་ཤེས་རབ་ཅེས་སྙན་པར་གྲགས་སོ།

    རི་བོང་འགྲོ་བཞིན་འགྲོ་བཞིན་ནམ་རྒྱུན་གཅན་གཟན་མགོ་ནག་ཕུད་དེ་བྱིངས་རི་དྭགས་ཚང་མས་ང་ལ་ཐུབ་ཚོད་དང་བརྙས་བཅོས་ཁོ་ན་བྱེད་ཀྱི་ཡོད་པས། རི་བོང་ངས་ཐབས་ཤེས་ཤིག་སྤྱད་ནས་གཅན་གཟན་མགོ་ནག་གཅིག་པུར“ཤེས་པ”ཞེས་པའི་ཤ་རྡོག་དེ་རག་པ་བྱེད་དགོས་སྙམ་སྟེ། གང་མཚམས་ཤིག་ཕྱིན་རྗེས་གཅན་གཟན་མགོ་ནག་དང་ཐུག རི་བོང་གིས་གཅན་གཟན་མགོ་ནག་ལ་དཀོན་མཆོག་གིས་ང་ཚོ་རི་དྭགས་སེམས་ཅན་ལ“ཤེས་པ”ཟེར་བའི་ཤ་རྡོག་གཅིག་གནང་སོང་། ཁྱེད་རང་ཕུད་དེ་བྱིངས་ཚང་མས་སོ་སོའི་སྐལ་བ་གང་ཡོད་བཟས་ཚར་སོང་བས་ད་ཁྱེད་རང་མགྱོགས་པོ་མ་ཕེབས་ན། ཁོ་ཚོ་ཚང་མས་ཁྱེད་ཀྱི་སྐལ་བ་དེ་ལ་རུབ་ནས་བསྡད་འདུག ཁོ་ཚོས་ཁྱེད་ཀྱི་སྐལ་བ་དེ་ཟ་གི་ཡིན་ཟེར་གྱི་འདུག་ཅེས་བཤད།

    གཅན་གཟན་མགོ་ནག་གིས་རི་བོང་ལ་ཐུགས་རྗེ་ཆེ་ཞུས་ནས་ལམ་སེང་རྒྱུགས་ཕྱིན་ཏེ། “ཤེས་པའི”སར་སླེབས་པ་དང་། སོ་སོའི་སྐལ་བ་དེ་ལ་ཁོ་ཚོ་རུབ་ནས་བསྡད་ཡོད་པ་མཐོང་སྟེ། མཆོངས་ཐེངས་གཅིག་ལ“ཤེས་པའི”མདུན་དུ་མཆོངས་ནས་ཤ་རྡོག་སྒང་རིལ་ཁ་ལ་བཅུག་ནས་སྐད་ཅིག་ཉིད་ལ་ཁྱུར་མིད་བཏང་། གཅན་གཟན་གཞན་རྣམས་ཧ་ལས་ཤིང་ཧོན་ཐོར་བ་དང་ཆབས་ཅིག་ཚང་མ་སྤྲོ་ལངས་ནས་རུབ་བརྒྱབ་སྟེ་གཅན་གཟན་མགོ་ནག་གསོད་རྩིས་བྱས། དེ་དུས་གཅན་གཟན་མགོ་ནག་གི་བློ་རིག་སེམས་ཅན་གཞན་ལས་ལྡབ་འགྱུར་གྱིས་བཀྲ་བ་ཆགས་ཟིན། ཁོ་པས་དྲན་རྒྱུ་རྒོད་པོས་དེ་ང་གཅིག་པུའི་སྐལ་བ་རེད་བསམས་ནས་བཟས་པ་ཡིན། ཚང་མས་ལྕེ་ལྡག་རྒྱག་རྒྱུ་ཡིན་པ་ངས་གཏན་ནས་ཤེས་མ་བྱུང་ཞེས་གསལ་བཤད་བྱས། དེ་རྗེས་གཅན་གཟན་མགོ་ནག་གིས་གང་ལྟར་ཁྱོད་ཚོས་ང་བསད་ནས་ངའི་ཤ་བཟས་ཁྲག་བཏུངས། རུས་པ་མུར་ཡང་དཀོན་མཆོག་གིས་གནང་བའི“ཤེས་པ”ཤ་རྡོག་དེའི་ནུས་པ་ནི་ཐོན་གྱི་མ་རེད་ལ། ཁྱོད་ཚོ་ཚང་མ་ལ་འདང་ཡང་མི་སྲིད་པས། དེ་ལས་ཁྱོད་ཚོས་ང་ལ་ཉེས་ཆད་གཞན་ཞིག་གཅོད་རོགས་གནང་ཞེས་རེ་བ་ཞུས།

    རི་དྭགས་དང་གཅན་གཟན་བྱིངས་རྣམས་ཀྱིས་འོ་ན་ཁོའི་ལུས་ཀྱི་སྤུ་རྣམས་བཀོག་ནས་ང་ཚོས་བཟོ་ལྟ་བཟོ་དགོས་ཞེས་བཤད་འཕྲལ། ཚང་མ་རུབ་བརྒྱབ་ནས་གཅན་གཟན་མགོ་ནག་གི་སྤུ་འཐོག་པར་ཡོང་བས། ཁོ་པས་མགོ་ལ་སྦར་མོ་བཀབ་ནས་བསྡད། རི་དྭགས་དང་གཅན་གཟན་གཞན་ཚོས་ཁོ་པའི་ལུས་ཐོག་གི་མཐོང་སའི་སྤུ་རྣམས་ཧབ་ཐོབ་བརྒྱབ་སྟེ་བཏོགས་པ་རེད།

    དེར་བརྟེན་ད་ལྟ་འགྲོ་བ་མིའི་སྤུ་ཡོད་ས་རྣམས་ནི་གཅན་གཟན་མགོ་ནག་གིས་མགོ་ལ་སྦར་མོ་བཀབ་སྟེ་ཙོག་པུར་བསྡད་པས། སྤུ་དེ་ཙམ་ལས་མ་ལྷག་པ་རེད་ལ། ལུས་ཐོག་གི་སྤུ་བཀོག་པའི་ཆད་པ་བཅད་རྗེས། གཅན་གཟན་མགོ་ནག་ལ་སྲོག་ཆད་མ་བཏང་བར་ཚེ་ཐར་བཏང་བ་རེད། དེར་བརྟེན་མི་ནི་སེམས་ཅན་གཞན་ལས་བློ་རིག་རྒོད་པ་ཡང་དེ་འདྲ་བྱས་ནས་བྱུང་ཞིང་། མིའི་ལུས་ཐོག་གི་སྤུ་ནི་དེ་འདྲ་བྱས་ནས་ལྷག་ལུས་བྱུང་བར་གྲགས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།