[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • མྱོང་ཚོར་འཛུམ་ཞལ་རང་གྲོལ།

    —— ནེ་པ་ལར་ཐེངས་དང་པོ་བསྐྱོད་པའི་མྱོང་འཆར་ཐོར་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསོད་ནམས།    |    སྤེལ་དུས།   2019-07-13

    640771_yis_1562738825710_s.jpg

    ལུམྦི་ནཱི་འཛམ་གླིང་རིག་གནས་ཤུལ་བཞག་གི་ཟུར་ཞིག

    ལྷ་ས་ནས་ཐོན་ཁའི་ཆར་སིམ། 

    བོད་ཟླ་བཞི་པར་སྤྱིར་ན་བོད་དུ་ཆར་ཆུ་དཀོན་ཙམ་བྱུང་ཡང་ཁོ་བོ་ཐོན་པའི་ཞོགས་པར་གནའ་གྲོང་ལྷ་སའི་མཁའ་དབྱིངས་ཆུ་འཛིན་སྟུག་པོས་ཁེབས། སྦྲང་ཆར་ཟིལ་མས་རི་ཀླུང་ཀུན་སྣུམ་པོར་བྱས་པས། ཞོགས་པའི་ཆར་སིམ་དེ་ནི་ཁོ་བོར་སྐྱེལ་མ་བྱེད་པའི་བདུད་རྩི་ཕྱོགས་བཅུར་གཏོར་བ་དང་མཚུངས་ལ། སྦྲང་ཆར་དེ་ནི་ཁོ་བོ་གཞན་ཡུལ་དུ་ཐོན་ཁར་ཁྱོད་བདེ་མོར་སོང་ཞིག ཕ་ཡུལ་གངས་ལྗོངས་ཀྱི་ཞིང་འབྲོག་ལས་ལ་གེགས་བར་བཏང་མི་ཡོང་ཞེས་ཁས་ལེན་བྱེད་པ་དང་འདྲ་བས། སྐབས་ཤིག་རིང་གནམ་གཤིས་ཐན་པ་དེ་མུ་མཐུད་ཐན་པ་བསྟན་ན་ཅི་བྱ་སྙམ་པའི་སེམས་ནད་རང་དགར་ཞི།

    མཁའ་དབྱིངས་ཀྱི་འཆར་སྣང་།

    ཁོ་བོ་ནི་ཕྱོགས་ལ་ཐོན་ཉུང་ཉུང་ཡིན་ཏེ། སྤྱི་ལོ་1985ལོར། ཆབ་མདོར་ལས་དོན་སྒྲུབ་པར་བསྐྱོད་དེ་ཡར་ལམ་ཁྲེང་ཏུའི་གནམ་གྲུར་ཞུགས་པ་ནས་ད་བར་བགྲང་བྱ་སུམ་ཅུ་ལྷག་ཙམ་སོང་རིང་ད་ཐེངས་བལ་ཡུལ་དུ་བསྐྱོད་པ་དེ་གནམ་གྲུར་ཞུགས་ཐེངས་གཉིས་པ་དེ་རང་ཡིན། གོང་དཀར་གནམ་ཐང་ནས་ཞོགས་པའི་ཆུ་ཚོད་བཅུ་དང་སྐར་མ་ལྔ་བཅུར་གནམ་གྲུ་དངོས་སུ་ཐོན། འུར་སྒྲས་ནམ་མཁའ་བཀང་བའི་ལྕགས་བྱ་དེ་ནི་བྱ་ཁྱུང་རྙི་ལས་ཐར་ཏེ་གད་རྒྱངས་སྒྲོག་གིན་ཡུལ་གཞན་དུ་ཆས་པ་དང་གཉིས་སུ་མེད།

    དུས་ཡུན་ཆུ་ཚོད་སྐར་མ་ལྔ་བཅུ་ལྷག་ཙམ་འཕུར་རྗེས། སྡོད་གནས་གནམ་གྲུའི་སྒེའུ་ཁུང་གཡས་སུ་འཁེལ་ན་ཇོ་མོ་གླང་མ་གསལ་པོ་མིག་ལམ་དུ་འཆར་ཐུབ་ཅེས་པའི་གྲོགས་མཆོག་གི་ཞལ་ཏ་སེམས་ལ་ངེས་ནས་སྡོད་ས་གཡས་ངོས་ཡོད་པའི་ཁྱད་འཕགས་ལ་བརྟེན་ནས་བརྗིད་ཆགས་ཉམས་འགྱུར་སྟོང་གིས་ཕྱུག་པའི་ཇོ་མོ་གླང་མ་མཇལ་ཙ་ན། གནས་རི་ཁྱེད་ཉིད་དུས་ནམ་ཡང་ཁ་བའི་ན་བཟའ་སྟུག་པོ་བཞེས་ནས་བོད་ས་མཐོའི་རི་བོ་དུ་མ་ཚོགས་པའི་ཚོགས་དཔོན་དུ་འགྱིང་ངེར་གནས་པའི་སྨོན་འདུན་ཞུས་པ་ཡིན།

    གནམ་ཐང་དུ་བབས་མ་ཐག་ལམ་བར་བདེ་ཐང་བྱུང་ལུགས་སྐོར་ཁྱིམ་མིར་སྐད་ཆ་ཚིག་འགའ་ཤོད་དགོས་སྙམ་ཡང་། ལག་ཐོགས་ཁ་པར་རྒྱལ་ཕྱིར་ཤར་གཏོང་གི་འགྲོ་ལུགས་གཉེར་རྒྱུ་མ་བྱུང་བས། དེང་རབས་ཅན་གྱི་འཕྲིན་གཏོང་ཡོ་བྱད་དེ་ཡང་རེ་ཞིག་ངག་སྒོ་བསྡམས་ཏེ་སྐུ་མཚམས་ལ་ཞུགས་པ་ལྟར་གྱུར་ཟིན་པས་བྱེད་ཐབས་མེད་པར་གྱུར།

    640765_yis_1562738822900_s.jpg

    ནེ་པ་ལའི་རྒྱལ་ས་ཀ་རྡ་མན་རྡུའི་ཟུར་ཞིག

    གནའ་ཤུལ་གྲགས་ཅན་འགར་སོང་བའི་རྗེས་དྲན།

    ཀ་རྡ་མན་རྡུར་འབྱོར་སྐབས་སྔ་དྲོའི་ཆུ་ཚོད་བཅུ་གཉིས་ཡོལ་ཙམ་ཡིན་ཞིང་། ནེ་པ་ལའི་སྣེ་ཤན་པའི་སྣེ་ཁྲིད་འོག་ངེད་ཚོས་ཕྱི་དྲོ་ཀ་རྡ་མན་རྡུའི་པཱ་ཏ་སྒང་གནའ་བོའི་རིག་གནས་གྲོང་རྡལ་དུ་སྲུང་སྐྱོབ་ལེགས་པོ་བྱུང་བའི་དེ་གའི་ཆོས་ལུགས་རིག་གནས་ཀྱི་རྗེས་ཤུལ་ལ་མྱོང་རོལ་ཞུས། རིག་གནས་ཐང་ཆེན་དེའི་གནའ་བོའི་བཟོ་སྐྲུན་དེ་དག་ནི་ནེ་པ་ལའི་ཤེས་དཔལ་ངོམས་སྟོན་དང་ནེ་པ་ལའི་མི་དམངས་ཀྱི་ལས་བརྩོན་སྙིང་སྟོབས་དཔང་པོ་བྱེད་མཁན་དང་གཉིས་སུ་མེད་པར་སྣང་།དེ་ནས་ང་ཚོས་སྤྱི་ལོ་2015ལོར་ཡོམ་སྐྱོན་གྱིས་ཉམས་ཆག་ཅུང་ཤུགས་ཆེ་ཙམ་བྱུང་བའི་གནའ་ཤུལ་གྲགས་ཅན་ཁོ་མ་ལི་ཞེས་པའི་ཕྱོགས་སུ་ཆས། དེ་གར་ས་ཡོམ་གྱིས་ངོ་མཚར་ཆེ་བའི་གནའ་ཤུལ་བ་གམ་མཐོན་པོར་ཤུགས་རྐྱེན་གང་ཙམ་ཕོག་ཡོད་ཀྱང་ཞིག་གསོ་བགྱིད་བཞིན་པ་མཐོང་ཙ་ན། གནའ་ཤུལ་གྲགས་ཅན་ནས་སླར་ཡང་ལོ་རྒྱུས་ཀྱི་འོད་སྣང་འཛམ་གླིང་ཕྱོགས་བཞིའི་སྐུ་མགྲོན་ཚོའི་འདྲེན་བྱེད་ཀྱི་དགའ་སྟོན་དུ་གཤོམ་རྒྱུའི་སྤོབས་ཉམས་མངོན།

    ཕྱི་ཉིན་དེར་ང་ཚོས་ཞོགས་པ་སྔ་པོ་ནས་རླངས་འཁོར་ལ་ཞུགས། ཀ་རྡ་མན་རྡུ་ནས་ཁ་ནུབ་ཏུ་ཕྱོགས་ཏེ་གྲོང་ཁྱེར་གཉིས་པར་གྲགས་པའི་པོའོ་གཱ་ལ་གྲོང་ཁྱེར་གྱི་ཕྱོགས་སུ་བསྐྱོད། ལམ་བར་དུ་མཐོ་ཚད་སྨི་800ཙམ་ཟིན་པའི་རི་སྟེང་གི་གྲོང་རྡལ་པན་ཏིས་ཕུའུ་ཞེས་པར་བསྐྱོད་པའི་ཚེ། དེ་གར་ཡང་ལོ་ཉིས་སྟོང་ལྷག་ཙམ་སོང་བའི་གནའ་གྲོང་ཉམས་དགའ་བ་ཞིག་མཆིས། སྣེ་ཤན་པའི་ངོ་སྤྲོད་ལྟར་ན། ནེ་པ་ལར་ཁྱོན་མི་རིགས་ལྔ་བཅུ་ལྷག་ཙམ་ཡོད་པ་ལས། གྲོང་རྡལ་དེར་འཚོ་སྡོད་བྱེད་མཁན་ནི་ཉི་ཝ་ཞེས་པའི་མི་རིགས་དེ་ཡིན་ལ་མི་རིགས་དེ་ནི་ནེ་པ་ལའི་མི་རིགས་ལྔ་བཅུ་ལྷག་ཙམ་གྱི་ཁྲོད་ནས་མི་གྲངས་མང་ཤོས་དེ་ཡིན་འདུག

    གྲོང་ཁྱེར་པོའོ་གཱ་ལར་འབྱོར་རྗེས།

    ས་སྲོད་ཙམ་གྱི་ནགས་གླིང་ཁྲོད། གློག་འོད་ཁྲ་ཐིང་ངེར་མངོན་པ་ནི། རྒྱང་ནས་ལྟ་སྐབས་ནམ་མཁའི་སྐར་ཚོགས་ནགས་ཚལ་རྒྱ་མཚོའི་གྲོང་གི་སྐུ་མགྲོན་དུ་བཅར་བ་དང་ཡོངས་སུ་མཚུངས། འཛམ་གླིང་ཐོག་ཨེ་ཤེ་ཡ་ལྷོ་མའི་སུའེ་ཙེར་གྱི་མཚན་སྙན་ཐོགས་པའི་པོའོ་གཱ་ལ་གྲོང་ཁྱེར་དུ་སླེབས་དུས། འཇིག་རྟེན་མུན་པས་བཏུམས་ཀྱང་ཤང་གྷ་ལི་ལ་མགྲོན་ཁང་གི་ཞབས་ཞུ་བ་སེམས་རྩ་ཤིན་ཏུ་འཁོལ་བས། གཞིས་ནས་འཁོར་ཏེ་རང་ཁྱིམ་དུ་འབྱོར་བ་དང་ཁྱད་མི་འདུག དེ་གའི་ས་བབ་མཐོ་ཚད་མཚོ་ངོས་ལས་སྨི་བརྒྱད་བརྒྱ་ལས་མ་ཟིན་པས་ཕྱི་རོལ་དུ་མཁའ་རླུང་དྲོད་ལམ་ལམ་འདུག་མོད། འོན་ཏེ་ལུས་ཁམས་ཀྱིས་བཟོད་མི་ཐུབ་པའི་ཚ་དྲོད་མི་སྣང་།

    ཕྱི་ཉིན་ཐོ་རེངས་ཚུ་ཚོད་ལྔ་པར་སླར་ཡང་མགྲོན་ཁང་ནས་ཐོན་ཏེ་པོའོ་གཱ་ལ་ཡི་ལྗོངས་རྒྱུའི་ལྟེ་གནས་རི་རྩེར་འཛེགས། དེ་ག་ནས་གྲོང་ཁྱེར་གྱི་ཕྱོགས་ཀུན་སྦར་མཐིལ་དུ་བླངས་པ་ལྟར་སྣང་ཡང་། སྨུག་སྤྲིན་ཤུགས་ཆེ་བས་མིག་ལམ་དུ་ས་འཛིན་རྣམས་རབ་རིབ་ལས་མི་མངོན། གྲོང་ཁྱེར་དང་བར་ཐག་ཤིན་ཏུ་ཉེ་བའི་པོའོ་གཱ་ལ་མཚོ་ནི་ལྗོངས་རྒྱུའི་ལྟེ་བའི་གནས་ཡིན་ཏེ། མཚོ་མཐའི་རྩི་ཤིང་སྣ་ཚོགས་འདབ་ལོ་ཡངས་པོར་རྒྱས་ཏེ་ཕན་ཚུན་འབྲེལ་བ་ནི། མཚོ་མཐའ་བསྐོར་ནས་སྒོར་གཞས་རྒྱག་པ་དང་ཧ་ཅང་འདྲའོ། མཚོ་དཀྱིལ་དུ་ཧིན་རྡུའི་ཆོས་ལུགས་ཀྱི་དགོན་སྡེ་ཆུང་ཆུང་ཞིག་ཡོད་པ་དེར་ཆོས་ལུགས་དེ་ལ་དད་པའི་ཡུལ་སྐོར་བ་དང་གནས་དེའི་དད་ལྡན་པ་མཉམ་འདྲེས་ཀྱིས་མཆོད་མཇལ་ཞུ་བཞིན་འདུག པོའོ་གཱ་ལ་གྲོང་ཁྱེར་འདི་ཉིད་དུས་ཕྱིས་འཕེལ་རྒྱས་བྱུང་བ་ཞིག་ཡིན་གཤིས། དེ་གའི་གཞུང་ལམ་དང་ཁང་པ་སོགས་ཀྱི་འཆར་འགོད་དེ་རྒྱལ་ས་ཀ་རྡ་མན་རྡུ་ལས་ལེགས་པས་རླངས་འཁོར་འགག་འགྱིང་བྱེད་པའང་མཐོང་རྒྱུ་མི་འདུག

    སྣེ་ཤན་པའི་ངོ་སྤྲོད་ལྟར་ན། པོའོ་གཱ་ལ་གྲོང་ཁྱེར་ནི་འཕེལ་རྒྱས་འགྲོ་བཞིན་པའི་གྲོང་ཁྱེར་ཞིག་ཡིན་པས། རིང་མིན་དུ་དེ་གར་རྒྱལ་སྤྱིའི་གནམ་ཐང་བསྐྲུན་ཏེ་འཛམ་གླིང་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ནེ་པ་ལའི་ཐུན་མོང་མིན་པའི་ས་ཁམས་ཀྱི་མཛེས་ལྗོངས་དང་། གཏིང་ཟབ་ལ་ལོ་རྒྱུས་རིང་བའི་རིག་གནས་ཆོས་ལུགས། ཡུལ་སྲོལ་གོམས་གཤིས་སོགས་དམིགས་བསལ་ཁྱད་འཕགས་ལྡན་པའི་འཚོ་བར་མྱོང་དུ་ཕེབས་རྒྱུར་སྟབས་བདེ་བསྐྲུན་རྒྱུ་དང་། ནེ་པ་ལའི་མང་ཚོགས་ཀྱིས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་གོམ་སྟབས་དེ་བས་མགྱོགས་སུ་གཏོང་རྒྱུ་ཡིན་འདུག

    ལུམྦི་ནཱི་ཆོས་རྗེའི་དགོན།

    པོའོ་གཱ་ལ་གྲོང་ཁྱེར་ནས་ཁ་ནུབ་ཏུ་ཕྱོགས་ཏེ། ཕོའོ་ཏོར་འར་གྲོང་རྡལ་དུ་སྐྱོད་པའི་ཚེ། ལམ་ཐག་དེ་ཙམ་མི་རིང་ཡང་ལམ་ཞེང་ཆུང་བའི་རྐྱེན་གྱིས་རླངས་འཁོར་ཡང་ཡང་འགག་པས། སྔ་དྲོའི་ཆུ་ཚོད་བཅུ་པ་ནས་ཐོན་ཏེ་ཕྱི་དྲོ་ཉི་མ་མ་བཞུད་ཙམ་ལ་ད་གཟོད་ཞག་སྡོད་བྱེད་སའི་ལུམྦི་ནཱི་ཚལ་དུ་འབྱོར། མིག་སྔར་མུ་མཐའ་མི་མངོན་པའི་ཕོའོ་ཏོར་འར་ཐང་ཆེན་དེར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་མཐོ་རླབས་འཕྱུར་འདུག་པས་རིང་མིན་དུ་གྲོང་ཁྱེར་རྫིག་པོ་ཞིག་ཆགས་པར་ངེས། དེ་གའི་གནས་བབ་མཚོ་ངོས་ལས་སྨི་150ལས་ཟིན་གྱི་མེད་པས་ཚ་དྲོད་ཆེ།

    ལུམྦི་ནཱི་ཆོས་སྡེའི་སྤྱི་གླིང་དེ་གཞི་ཁྱོན་ཧ་ཅང་ཆེ་ལ། ཚ་ཁུལ་གྱི་རྩི་ཤིང་སྣ་ཚོགས་དང་མེ་ཏོག་སྣ་ཚོགས་བཞད་པས་གཡས་ལྟ་གཡོན་ལྟ་བྱེད་ཀྱིན་འདྲེན་བྱེད་ཟུང་མི་ལྕོགས་པའི་ངང་ཚུལ་འཆར། སྤྱི་གླིང་གི་རྒྱལ་སྒོ་འཛུལ་ནས་གང་ཙམ་བསྐྱོད་རྗེས། ཐོག་གཅིག་མ་ཡིན་ཡང་མཐོ་ཚད་ཐོག་སོ་གཉིས་ཙམ་ཟིན་པ་དང་། ཐོག་ཀའི་སྟེང་ན་གསེར་ཟངས་ཀྱི་དབུ་ཏོག་ཡོད་པ་ཞིག་མིག་ལམ་དུ་འཆར། སྤྱིར་བཏང་གི་ཨར་ལས་བཟོ་སྐྲུན་ལས་གྲུབ་པའི་ཁང་པ་དེར་མཛེས་རྒྱན་གང་ཡང་སྤྲས་མེད་པར། ཕྱི་ངོས་རྩིག་པར་བོད་ཁང་དང་འདྲ་བར་དཀར་རྩི་བསྒྲོན་འདུག

    སྣེ་ཤན་པས་བཤད་པ་ལྟར་ན། སྤྱིར་བཏང་གི་ཁང་པ་དེ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་འཁྲུངས་སའི་ཁྱིམ་ཚང་དངོས་རེད་འདུག་ཅིང་། ནང་ལོག་རྗེས་ཤུལ་ཡང་རགས་ཙམ་མཆིས། དེ་ནས་སྤྱི་གླིང་གི་བྱང་ངོས་སུ་བསྐྱོད་པའི་ཚེ། ནེ་པ་ལ་དང་། ཀྲུང་གོ ཐེ་ལན། སུའེ་ཙེར་སོགས་རྒྱལ་ཁབ་མི་ཉུང་བ་ཞིག་གིས་བཞེངས་པའི་བཟོ་དབྱིབས་དང་ཚོས་མདོག་མི་གཅིག་པའི་མཆོད་རྟེན་རིམ་པ་ལྟར་གནས་པས། འཛམ་གླིང་ཆོས་ལུགས་གྲུབ་མཐའ་ཁག་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་མངོན། དེ་དག་ལ་བསམ་བཞིན་མ་འོངས་པར་དེ་ག་ནི་འཛམ་གླིང་ཡུལ་སྐོར་གྱི་ལྟེ་བ་ཞིག་ཏུ་འགྱུར་ངེས་པར་མཐོང་། འོན་ཏེ་ཡངས་ཤིང་རྒྱ་ཆེ་བའི་སྤྱི་གླིང་གི་ཁོད་སྙོམས་པའི་མཐའ་བཞིའི་སྒྲིག་བཀོད་ཞན་པོར་སྣང་བས། ཐལ་རྡུལ་གྱིས་ཁེངས་པའི་ས་གཞི་དེར་ལྟ་བཞིན་དུ། ཁོ་བོའི་སེམས་ལ་འདི་གའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སྔར་བས་མང་བའི་ཡུལ་སྐོར་བའི་ཡིད་དབང་འགུགས་རྒྱུ་ནི། ནེ་པ་ལ་ཙམ་གྱིས་སྒྲུབ་དཀའ་བས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོ་ཁུར་དང་འགན་འཁུར་དགོས་ངེས་ཀྱི་དོན་ཆེན་ཞིག་རེད་སྙམ་བྱུང་།

    ནེ་པ་ལའི་ས་ཁམས་ཆགས་ཚུལ་དང་འཕེལ་རྒྱས་སྣང་ཚུལ།

    ཀྲུང་གོའི་བོད་ཀྱི་ཁྱིམ་མཚེས་ནེ་པ་ལ་བ་ནི། སྔར་ནས་བོད་དང་འགྲོ་འོང་མང་བའི་མི་རིགས་ཤིག་སོང་སྟབས། རིག་གནས་དང་། ཆོས་ལུགས། རྒྱན་གོས། ཟ་འཐུང་སོགས་ཕྱོགས་གང་ཅིར་ཕན་ཚུན་ཤུགས་རྐྱེན་བྱུང་སྟེ་འདྲ་ཕྱོགས་མང་བའི་མི་རིགས་ས་ཁུལ་དུ་གྱུར། ནེ་པ་ལའི་རྒྱལ་ས་ནི་ཧི་མ་ལ་ཡའི་ཁོར་དུ་གནས་པས། ཚ་བ་ཆེ་བའི་བོད་ཟླ་ལྔ་པར་ཡང་ཚ་དྲོད་དེ་ཙམ་མི་ཆེ་བས་གནས་བབ་ལེགས། དེ་གའི་མི་རྣམས་ཕན་ཚུན་གླེང་མོལ་བྱེད་དུས་ནེ་པ་ལ་རང་ངོས་ཀྱི་སྐད་ལུགས་ལ་བརྟེན་གྱི་ཡོད་ཀྱང་ཡུལ་གྲུ་གཞན་ནས་སླེབས་པའི་སྐུ་མགྲོན་ལ་དབྱིན་སྐད་ལ་བརྟེན་གྱི་འདུག

    ང་ཚོས་ཉིན་བཞིའི་རིང་དེ་གའི་ས་ཕྱོགས་གང་དུ་བསྐྱོད་ཀྱང་རི་ཀླུང་ཐམས་ཅད་སྔོ་ལྗང་རྩི་ཤིང་གིས་བརྒྱན་ཏེ། ཀོང་པོར་སླེབས་པ་དང་ཤིན་ཏུ་མཚུངས། དེའང་རི་གྲོང་གང་དུ་སླེབས་ཀྱང་མང་ཚོགས་ཀྱི་སྡོད་ཁང་རྒྱག་སྟངས་ཀོང་ཡུལ་དང་མི་འདྲ་བ་ཙམ་མ་གཏོགས། རི་གྲོང་ཕན་ཚུན་ནགས་ཀླུང་གི་ཁྲོད་གཟར་བབ་མང་བའི་ལམ་ལ་བརྟེན་ནས་འགྲུལ་བཞུད་བྱེད་པའི་ཆ་ནས་ཀྱང་ཀོང་ཡུལ་དང་ཧ་ཅང་འདྲ། སྤྱིའི་འཕེལ་རྒྱས་ལ་བལྟས་ན། གནའ་གྲོང་ཀ་རྡ་མན་རྡུའི་འཛུགས་སྐྲུན་ཅུང་རྗེས་ལུས་ཡིན་ཡང་། དེ་ཕྱོགས་ཀྱི་རི་གྲོང་ཀུན་གྱི་ལམ་དང་གློག ཆུ་སོགས་ཀྱི་སྒྲིག་བཀོད་ཅུང་ལེགས་པས། དེ་གའི་སྲིད་གཞུང་ནས་དམངས་འཚོར་དོ་ཁུར་ཆེན་པོ་གནང་གི་ཡོད་པ་ངང་ཤུགས་སུ་མཚོན་གྱི་འདུག

    དེ་བཞིན་དུ་གྲོང་རྡལ་ཕལ་ཆེ་བར་གཞུང་ལམ་ཤར་གཏོང་ཐུབ་ཡོད་ནའང་། ལམ་ཞེང་ཆུང་དྲགས་པར་བརྟེན་རླངས་འཁོར་འགག་འཁྱིལ་ཡང་ཡང་བྱུང་སྟེ་སླེབས་ཚོད་ལ་མི་སླེབས་པའི་འགོག་རྐྱེན་འཕྲད་བཞིན་འདུག་སྟེ། དེ་ནི་སླད་ཕྱིན་གང་དུ་སོང་ཡང་ཡུལ་སྐོར་མཛེས་ལྗོངས་ཡིན་པའི་ནེ་པ་ལའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀག་རྡོ་ཞིག་ཏུ་སྣང་། དེ་ཡང་དཔེར་ན། ངེད་ཚོས་པོའོ་གཱ་ལ་གྲོང་ཁྱེར་དུ་ཐོན་སྐབས་ལམ་ཐག་སྤྱི་ལེ་170ཙམ་གྱི་སར་དུས་ཡུན་ཆུ་ཚོད་5ལྷག་ཙམ་འགོར་བ་དང་། ཉིན་བཞི་པའི་ཉིན་མོ་སྤྱི་ལེ་290ཡི་སར་འགྲུལ་བཞུད་བྱས་པར་ཆུ་ཚོད་8ལྷག་ཙམ་འགོར་བ་ལྟ་བུའོ།

    འཕེལ་རྒྱས་གཏོང་བའི་ནང་དཀའ་གནད་མང་པོ་ཐོན་རྒྱུ་ཡིན་མོད། འོན་ཏེ་ལས་ལ་བརྩོན་ཞིང་། རྣམ་རིག་བཀྲ་བའི་ནེ་པ་ལའི་མི་དམངས་ཁྲི་སུམ་སྟོང་ལ་ཉེ་བས། འབྱུང་འགྱུར་རང་བྱུང་ཁོར་ལྗོངས་ལེགས་པའི་གནས་འདིའི་ཕྱོགས་གང་ཅིའི་འཛུགས་སྐྲུན་རིམ་བཞིན་ལེགས་གྲུབ་ཐུབ་ངེས་ཡིན་པ་བདག་ལ་ཡིད་ཆེས་ཡོད།

    ནགས་ཀླུང་རྒྱ་མཚོ་དང་སྨུག་སྤྲིན་གྱིས་བརྒྱན་པའི་ནེ་པ་ལ། སྦག་སྦག་གི་གྲོང་ཁྱེར་དང་། ཆོས་ལུགས་གྲུབ་མཐའ་མང་ཞིང་མི་རིགས་མང་བའི་ནེ་པ་ལ། ཟ་འཐུང་གཡོས་སྦྱོར་ལ་མཁས་ཤིང་སྐུ་མགྲོན་ལ་ཞབས་ཞུ་སེམས་རྩ་འཁོལ་བའི་ནེ་པ་ལ། འཛམ་གླིང་ཡུལ་སྐོར་གནས་མཆོག་ཏུ་འགྱུར་རྒྱུའི་མདུན་ལྗོངས་ལེགས་པའི་ནེ་པ་ལ། ཐེངས་འདིའི་སྤྱི་ལོ་2020ལོར་ནེ་པ་ལའི་ཡུལ་སྐོར་ལོར་དམིགས་ཏེ། དེ་གར་ཆེད་དུ། མཛེས་ལྗོངས་རྟོག་ཞིབ་མྱོང་རོལ་དང་། དམངས་སྲོལ་རིག་གནས་དང་ཆོས་ལུགས་རིག་གནས། འཚོ་བའི་ཉམས་ལེན་སོགས་བྲེལ་འཚུབ་ངང་མཇུག་འགྲིལ་སོང་། ནེ་པ་ལ་ག་ལེ་བཞུགས། ད་ནི་བདག་རང་ཉིད་ཀྱི་ལྟེ་ཁྲག་འཕོ་ས་འཛམ་གླིང་དབུ་རྩེའི་གངས་ལྗོངས་སུ་ཆས་འགྲོ།

    640766_yis_1562738823370_s.jpg

    པོའོ་གཱ་ལ་རི་གྲོང་གི་མཛེས་ལྗོངས།

    640769_yis_1562738824730_s.jpg

    པ་ནི་ཕུ་གནའ་ཤུལ་ཡུལ་སྐོར་གྲོང་རྡལ།

    640772_yis_1562738826040_s.jpg

    ནེ་པ་ལ་ཞིང་པའི་སྡོད་ཁང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།