[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ང་ནི་མི་རིག་རྟུལ་ཞིག་ཡིན་ནམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   རྟ་མགྲིན་འཚོ།    |    སྤེལ་དུས།   2019-07-07

    ང་རང་སློབ་གྲྭའི་སྒོ་ཐེམ་འགྲིམ་ནས་མི་ལོ་ཉི་ཤུ་ལྷག་སོང་ལ་ཉེ་ཡང་། གཞན་གྱི་འདྲེན་བྱེད་ཡུལ་དུ་བསྟར་ཆོག་པའི་དཔྱད་འབྲས་ཤིག་དང་ངོམ་རིན་ཡོད་པའི་ཡོན་ཏན་ཞིག་ཡེ་ནས་མེད་པས། རྒྱུན་དུ་རང་གིས་རང་ལ་འདི་ལྟར་འདྲི་བཞིན་ཡོད་དེ། ང་ནི་མི་རིག་རྟུལ་ཞིག་ཡིན་ནམ། ང་ལས་ལྷག་པའི་རིག་རྟུལ་ཞིག་གང་ན་ཡོད་དམ་སྙམ། རང་མོས་སྙན་ངག་གི་སྲོལ་འབྱེད་པོར་གྲགས་པའི་དོན་གྲུབ་རྒྱལ་ཉིད་འཇིག་རྟེན་འདིར་དགུང་ལོ་སོ་གཉིས་ཙམ་ལས་མ་བཞུགས་ཀྱང་། སྙན་པའི་གྲགས་པ་ཀུན་ཏུ་ཁྱབ་ནས་ཡོད་ལ། གསུང་རྩོམ་པོད་ལྔ་ཡི་བདག་ཉིད་ཅན་ཞིག་མི་ཡུལ་ལ་ལེགས་སྐྱེས་སུ་ཕུལ་བས་ཅི་འདྲའི་མཚར་ཆེ་བ་ལ། གཞན་རྣམ་དཔྱོད་ཀྱི་མཁྱེན་རྒྱ་ཡངས་པའི་རིག་པའི་དཔའ་བོ་མཁས་དབང་དགེ་ཆོས་ལགས་ཀྱིས་འབྱོར་འཁོས་ཞན་པའི་ཆ་རྐྱེན་དེ་འདྲའི་འོག་ཏུའང་སྔར་བཞིན་སྙིང་རུས་ཆེར་སྐྱེད་ཀྱིས་རྒྱ་བོད་དབྱིན་གསུམ་གྱི་སྐད་ལ་ཐོགས་པ་མེད་པ་སྦྱངས་གནང་ཞིང་། བོད་ཀྱི་ལོ་རྒྱུས་དང་བརྡ་སྤྲོད། ནང་བསྟན། ལོ་ཙཱ་སོགས་རིག་གཞུང་གང་གི་ཐད་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་དབང་པོ་ས་གསུམ་ན་གྲགས་པ་ཞིག་ཏུ་གྱུར། ཁོང་ཉིད་འཇིག་རྟེན་འདིར་ལོ་ངོ་ལྔ་བཅུ་ཙམ་ལས་མ་བཞུགས་ཀྱང་མི་ཡུལ་ལ་འདི་འདྲའི་བག་ཆགས་ཤིག་བཞག་པ་ནི་ཅི་འདྲའི་བསམ་ཚོད་ལས་འདས་པ་ཞིག་རེད་ཨང་། 

    ད་དུང་བོད་ཀྱི་མཁས་པའི་ཁྱུ་མཆོག་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་དགུང་ལོ་ཉི་ཤུའི་ཐོག་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་མཛད་ནས་ལྷ་རམས་པའི་མཚན་རྟགས་བཞེས་ཤིང་། དགུང་ལོ་ཉེར་ལྔའི་ཐོག་སྔགས་རམས་པའི་མཚན་རྟགས་བཞེས། རྗེ་གུང་ཐང་བསྟན་པའི་སྒྲོན་མེ་དགུང་ལོ་ཉེར་གཉིས་པར་ལྷ་ས་སྨོན་ལམ་ཆེ་མོར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་གྲྭ་སྐོར་དམ་བཅའ་མཛད། དེ་དང་དེ་བཞིན་གྱི་མཁྱེན་རྒྱ་མཁའ་ལས་ཡངས་ཤིང་རྣམ་དཔྱོད་གློག་ལྟར་བཀྲ་བའི་རིག་པའི་ཁྱུ་མཆོག་རབ་དང་རིམ་པ་རང་ཅག་གངས་རིའི་ལྗོངས་འདིར་བྱོན་ཡོད་པ་མིན་ནམ། 

    ང་ལ་སྔོན་བྱོན་དམ་པ་ཚོ་ལྟ་བུའི་ཆ་རྐྱེན་འབེལ་བོ་ཞིག་མ་འཛོམས་ཟེར་ན་མ་ཡིན་ཏེ། ལོ་ན་ཕྲ་བའི་དུས་ནས་དགེ་རྒན་ཆེ་མ་ཆུང་གསུམ་ལ་བསྟེན། རྒྱ་བོད་དབྱིན་གསུམ་དང་སྐྱེ་དངོས་རྫས་གསུམ་སོགས་རིག་པའི་གནས་མང་པོ་ཞིག་ལ་སློབ་གཉེར་མཛད་ཁུལ་བགྱིས། སློབ་གྲྭ་རབ་འབྲིང་མང་པོ་ཞིག་བརྒྱུད་ཅིང་། སློབ་གྲོགས་བཟང་ངན་མཐའ་ཡས་པ་དང་འགྲོགས། འཚོ་བ་དང་སློབ་སྦྱོང་ལ་ཕུན་སུམ་ཚོགས་པའི་མཐུན་རྐྱེན་འཛོམས། འདི་ལས་བཟང་བའི་ཆ་རྐྱེན་ཞིག་སྔོན་བྱོན་དམ་པ་སུ་ཞིག་ལའང་འཛོམས་མྱོང་ག་ལ་ཡོད། 

    ང་རང་ཁོང་རྣམ་པ་ལས་སྐྱེ་སྔོན་ལས་ཀྱི་ཚོགས་བསགས་དང་སྒྲིབ་སྦྱངས་དམན་པ་རེད་ཟེར་ན་མ་ཡིན་ཏེ། ཚེ་སྔོན་ལས་ཀྱི་ཚོགས་བསགས་བཟང་པོའི་བཀའ་དྲིན་ལས་ཚེ་འདིར་ང་ལ་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་འདི་འདྲ་ཞིག་ཐོབ་ཡོད་པ་མིན་ནམ།

    གང་ལྟར་ང་ལ་གཞན་ལས་ལྷག་པའི་སློབ་སྦྱོང་གི་མཐུན་རྐྱེན་སྨིན་ཡོད་དེ། དྲིན་ཆེན་ཕ་མས་ངལ་བ་ཁྱད་དུ་བསད་ནས་ལྡབ་ལྡིབ་སྨྲ་ཤེས་ཤིང་འཁྱར་འཁྱོར་འགྲོ་ཤེས་པ་ནས་སློབ་གླིང་རིག་པའི་སྐྱེད་ཚལ་ལ་ཤེས་རིག་གི་དཔལ་ཡོན་སྦྲུམ་དུ་བཏང་། བཤེས་གཉེན་དམ་པ་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་རིག་གནས་བཅུའི་འདབ་ལག་རེ་རེ་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ། 

    ཡིན་ནའང་། སྔོན་བྱོན་གྱི་བསམ་གྱིས་མི་ཁྱབ་པའི་དྲན་དབང་མང་པོས་སྤྱིར་མི་ཚེ་གང་པོར་ལག་དཔེ་དེབ་དང་མི་བྲལ་བ་དང་། མིག་ཡི་གེ་དང་མི་བྲལ་བ། སེམས་དཔེ་དོན་དང་མི་བྲལ་བར་ལོ་བཅུ་གྲངས་མང་པོའི་རིང་རིག་པའི་གནས་ལ་འཐམས་ཏེ། ཤེས་རིག་གི་ལང་ཚོའི་ཁོ་ལག་རྒྱས་ཆེད་ངལ་བ་ཁྲི་ཕྲག་དུ་མ་ཁྱད་དུ་བསད་པའི་རྣམ་ཐར་དག་ལ་འཇལ་རིམ་བཞིན་གུས་མོས་སློབ་རྒྱུགས་ཀྱི་འགག་རྩའི་དུས་སྐབས་ལ་ཞོགས་སྔ་ལངས་ཀྱིས་དཔེ་ཆ་བློ་འཛིན་བྱེད་ཁུལ་དང་། དགོང་ཕྱི་ཉལ་གྱིས་འབྲི་ཉན་ལ་གཞོལ་ཁུལ་གྱིས་བརྩོན་འགྲུས་ཀྱི་རྟ་ཕོར་བཅིབས་ཏེ་ཤེས་བྱའི་ཕང་ཐང་ཡངས་མོར་བང་རྩལ་ངོམས་པར་འདོད་པ་ནི་ངོ་མ་དགོད་བྲོ་ལ་ངུ་བྲོ་བ་ཞིག་སྟེ། ལྗིད་ཏིག་ཏིག་གི་གྲུབ་འབྲས་ཡོད་དོ་ཅོག་ལ་བགྲང་གིས་མི་ལང་བའི་དཀའ་སྡུག་གི་རྔུལ་ཆུ་འདོན་དགོས་པའི་གནས་ལུགས་དེ་ད་དུང་མ་ཤེས་པར་བསམ་ན། ང་ནི་ངོ་མ་མི་རིག་རྟུལ་ཞིག་ལོས་ཡིན། 

    དེ་བས་སློབ་སྦྱོང་གི་བརྒྱུད་རིམ་ནང་ཐབས་ཤེས་གཉིས་ལས་ཐབས་གཙོ་ཞེས་པ་ལྟར། བརྩོན་འགྲུས་ཙམ་མ་ཟད། ང་རང་ལ་སློབ་སྦྱོང་གི་ཐབས་ཤེས་ཡག་པོ་ཞིག་མེད་པའམ། ཐབས་ཤེས་ཡག་པོ་བཀོལ་མི་ཤེས་པའི་རྐྱེན་གྱིས་ངའི་ཡིད་ཀྱི་ཞིང་སར་འབྲས་བུའི་ཁུར་གྱིས་དུད་པའི་ཤེས་བྱའི་འབྲས་བུ་ལྗིད་ཏིག་ཏིག་ཅིག་སྨིན་པའི་བསྐལ་བ་མ་བྱུང་། ད་ནི་གཞན་ལ་ཁ་གཡར་ས་དང་ཁག་དཀྲི་ས་ཅི་ཡང་མེད་དེ་ཐམས་ཅད་རང་ཉིད་ཀྱི་ལུས་ཐོག་ནས་རྒྱུ་མཚན་འཚོལ་རྒྱུ་ལས་མ་འདས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།