[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ​དབུལ་གྲོལ་དང་སེམས་ཚོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   རལ་གྲི་སྒང་སྤེན་རྒྱལ།    |    སྤེལ་དུས།   2019-07-07

    ཀ་བར་འཇག་མའི་ལྷན་པ་མ་ཡིན། །

    ཁ་ཁོག་མེད་པར་དྲང་གཏམ་བརྗོད་ན། །

    ག་དུས་ཕུར་བུའི་ཁྱིམ་དུ་སླེབས་དུས། །

    ང་ཡི་སེམས་པ་གྲང་མོར་བཏང་འོང་། །

    ཅ་ནེ་ཞིག་ཀྱང་མེད་ལ། །

    ཆ་མཐུན་བཟའ་ཟླ་དེ་བས་མེད་ཅིང་། །

    ཇ་ཆང་རྒྱས་སྤྲོས་འཚོ་བ་ཕར་ཞོག །

    ཉ་ཁུ་ཞིག་ཀྱང་བསྐོལ་རྒྱུ་ཨེ་ཡོད། །

    ཏ་ལེར་གསལ་བའི་ཚིག་འབྲུའི་གསེང་ནས། །

    ཐ་ཆད་ཕྲུ་གུའི་བྱ་སྤྱོད་གླེང་དུས། །

    ད་ལྟའི་ན་ཆུང་མང་པོ་ཞིག་ནི། །

    ན་ཚས་ཁེངས་པའི་གསོག་གསོབ་རང་རེད། །

    པ་ཕ་ཨ་མར་ཞེན་ལོག་བྱེད་ཅིང་། །

    ཕ་མེད་བྱི་ཕྲུག་རང་དགར་བསྐྱུར་ཏེ། །

    བ་ལང་ལས་ཞན་གཤིས་ལུགས་ངན་པོས། །

    མ་རྙིང་ལང་ཚོའི་མཛེས་པ་བརླག་གཏོང་། །

    ཙག་ཙིག་ནང་ལས་འཇོན་རྒྱུ་མེད་པར། །

    ཚ་གི་ཚི་གེར་ཁྱོ་བོ་བཙལ་ཏེ། །

    ཛ་ཛོར་ཞིང་ལས་བྱ་འདོད་མེད་ཅེས། །

    ཝ་མོ་བཞིན་དུ་གང་སར་གཡོལ་འགྲོ། །

    ཞ་བོ་མིན་ཀྱང་གྲིབ་སྐྱོན་ཕོག་པའི། །

    ཟ་ཁ་མ་འཕྱིད་ཨ་མ་ཕུར་བུས། །

    འ་ལད་བུ་མོའི་སྤྱོད་ཚུལ་དེ་དག །

    ཡ་ཡོ་མེད་པར་ལྷུག་པོར་བགྲང་དུས། །

    ར་བ་གངས་ཀྱིས་བསྐོར་བའི་ཡུལ་འདིའི། །

    ལ་ལུང་གང་ནའང་ཡག་ཉེས་ལྡོག་པའི། །

    ཤ་དར་ཁྲག་དར་ན་གཞོན་རེ་འགའ། །

    ས་ཚོད་མི་ཟིན་གཡང་མཆོང་བྱེད་སྙམ། །

    ཧ་ལམ་དབུལ་པོའི་ཁྱིམ་དུད་འདི་ཞེས། །

    ཨ་ཁུ་བདག་ལ་བརྗོད་སྤོབས་མེད་ཀྱང་། །

    ཧ་ཅང་བསམ་སྦྱོར་ཀུན་ནས་ལོག་ན། །

    ཨ་ཙི་དབུལ་གྲོལ་ག་དུས་འབྱུང་ངམ། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།