[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ཨ་ཅེ་ཝ་མོའི་གཡོ་ཇུས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསོད་ནམས་ཆོས་འཕེལ་གྱིས་བསྡུས།    |    སྤེལ་དུས།   2019-07-07

    སྔོན་མ་ས་སྐྱིད་པོ་ཞིག་ན་རྩྭ་གང་བཟང་དང་། ཆུ་གང་ཞིམ་བཏུང་ནས་འཚོ་བའི་ར་མ་ཞིག་ཡོད། སྤྱང་ཀི་ཞིག་གིས་ར་མ་དེ་ཟ་འདོད་ཀྱང་། ར་མ་དེ་དང་ལྷན་དུ་འགྲོ་འདུག་གང་ཅིར་ཁ་གཏན་ནས་མི་བྲལ་བའི་ཁྱི་མོ་ནག་རིལ་ཞིག་ཡོད། ཁོ་གཉིས་ནི་གྲོགས་བཟའ་ཟླ་དང་དྲིན་ཕ་བུ་ལྟར་མཉམ་འགྲོ་མཉམ་སྡོད་བྱེད་པས། སྤྱང་ཀི་ཁྱི་མོ་ལ་འཇིགས་ནས་ར་མ་དེར་མིག་ཧྲིག་ཧྲིག་བལྟས་ནས་སྡོད་རྒྱུ་ལས་ཐབས་གཏན་ནས་མ་བྱུང་བར། འགྲམ་ཆུ་ཤོར་བཞིན་དུ་ཉིན་འགྱངས་ཞག་འབུད་བྱེད་དགོས་བྱུང་།

    ཉིན་ཞིག་སྤྱང་ཀིས་ཨ་ཅེ་ཝ་མོ་ལ“ཨ་ཅེ་ཝ་མོ་གྲ་བཟང་མ། ཁྱོད་ཀྱིས་ར་མ་དང་ཁྱི་མོ་ནག་རིལ་གཉིས་སོ་སོར་དབྱེ་ཐུབ་པ་གྱིས་དང་། ངས་ར་མ་དེ་བསད་རྗེས་ང་གཉིས་ར་ཤ་ཚ་པོ་མཉམ་ཟ་བྱེད། ར་ཁྲག་ཚ་པོ་མཉམ་འཐུང་བྱས་ན་མི་ལེགས་སམ”ཟེར། དེ་ནས་ཉིན་ཞིག་གི་ཉིན་དགུང་ཉི་མ་ཧ་ཅང་དྲོ་བའི་སྐབས་སུ་ཁྱི་མོ་ནག་རིལ་གྲིབ་ནག་གཅིག་ན་གཉིད་ལ་ཡུར་བའི་སྐབས་དང་བསྟུན་ནས་ཝ་མོས་ར་མའི་འཁྲིས་སུ་བཅར་ཏེ། “ཝ་ཡེ། ར་མ་དྲིན་ཆེན་མ། ཁྱོད་རྩྭ་གཟན་གྱི་སེམས་ཅན་ཞིག་ཤ་ཟ་ཁྲག་འཐུང་བྱེད་མཁན་གྱི་ཁྱི་མོ་ཞིག་དང་ལྷན་དུ་འཚོ་བར་རོལ་ནས་ཅི་བྱེད། སྲོག་ཆགས་གཞན་ཚོས་ར་མ་རྫབ་ཆེན་འདིས་སྔར་བདག་མེད་ཀྱི་རྩྭ་བཟས། དྭངས་གཙང་གི་ཆུ་འཐུང་བ་ལ། ད་ནི་ཤ་ཟ་ཁྲག་འཐུང་བྱེད་མཁན་གྱི་གཅན་གཟན་ཞིག་ལ་གྱུར་འདུག་ཟེར་བཞིན་འདུག་པས། གྲོགས་ངན་དེ་དང་རྒྱང་ཙམ་གནང་ན་མི་ལེགས་སམ། རོགས་པ་ངན་པས་ ཁྱེད་ཀྱི་མཚན་སྙན་འཛད་པ་འདུག”ཅེས་ཤ་མི་ཚ་ཡང་ཤ་ཚ་བའི་ཁུལ་གྱིས་བཤད།

    སྐད་ཆ་དེ་དག་ཐོས་མ་ཐག་ར་མའི་སེམས་ཁམས་ཡོངས་སུ་འཁྲུགས་པ་དང་། ང་རྩྭ་གཟན་གྱི་སེམས་ཅན་ཡ་རབས་ཤིག་ལ་ཤ་གཟན་གྱི་གཅན་གཟན་རེད་ཟེར་བ་ནི་མཚན་ཤས་དཔེ་མི་སྲིད་པ་རང་རེད། འོན་ཀྱང་མཚན་ཤས་འདི་འདྲ་ནི་གྲོགས་པོ་ངན་པ་འདི་དང་འགྲོགས་ནས་བྱུང་བས། ད་ནི་གྲོགས་ངན་འདི་དང་རྒྱང་ཐག་རིང་ཙམ་མ་བྱས་ན་ནམ་ཞིག་ང་རང་ཙམ་མ་ཟད། རིགས་མཐུན་གྱི་སེམས་ཅན་གཞན་ལ་ཡང་གནོད་པ་འདུག ལྷག་པར་དུ་ངའི་རིགས་རྒྱུད་དང་བུ་ཚ་རྣམས་ལའང་གནོད་པ་འདུག དེ་བས་ཁྱི་མོ་ནག་རིལ་འདི་དང་རྒྱང་ཐག་རིང་ཙམ་བྱས་ན་ལེགས་པ་འདུག་གོ་བསམས་ནས། ཉིན་ཕྱི་མ་དེ་ནས་ཁྱི་མོ་ནག་རིལ་ལ་གཡོལ་གང་ཐུབ་བྱས་ཏེ་སོ་སོར་ཁ་གྱེས་ནས་འཚོ་བར་རོལ་ལོ།

    དེའི་གནངས་ཉིན་སྤྱང་ཀིས་ར་མ་འཚོལ་དུ་ཕྱིན་པ་ན། ར་མ་དེ་གཅིག་པུར་རྩྭ་ཟ་བཞིན་ཡོད། ར་མའི་འཁྲིས་སུ་ཁྱི་མོ་ནག་རིལ་དེ་མཐོང་རྒྱུ་མེད་པས་དགའ་ཐག་ཆོད་ནས་མཇུག་མ་ཉིལ་ཉིལ་བྱེད་བཞིན་ར་མའི་ཕྱོགས་སུ་ཉེ་བར་བཅར་བ་དང་། ཁོ་གཉིས་དབར་ལ་རྒྱང་ཐག་ཉེ་ཙམ་ཆགས་དུས་འཇིགས་ཟིལ་ཡོད་རྒུ་ངོམས་ནས་ར་མའི་ཕྱོགས་སུ་ཤོར། ར་མ་སྐྲག་ཐག་ཆོད་ནས་ནུས་ཤུགས་ཡོད་རྒུས་བྲོས་ཀྱང་། སྤྱང་ཀིས་རྗེས་ཟིན་ནས་བཟུང་སྟེ་སྲོག་ལ་རྒོལ། སྐབས་དེར་ར་མ་དེས་རང་ཉིད་ཨ་ཅེ་ཝ་མོའི་གཡོ་འོག་ཏུ་ཚུད་པ་ཤེས་ཀྱང་། འགྱོད་པའི་རྒྱུ་ལས་མ་འདས་ཤིང་། སྤྱང་ཀིས་མཆེ་བ་རྣོན་པོ་དེ་བཙུགས་ནས་ར་མ་བསད་དོ།

    དེ་ནས་ཨ་ཅེ་ཝ་མོ་དང་ཨ་ཕོ་སྤྱང་ཀི་གཉིས་པོས་ར་མ་དེའི་ཤ་ཚ་པོ་བཟས་ཤིང་། ཁྲག་ཚ་པོ་བཏུངས་པས། ཝ་མོའི་གྲ་ལོ་ཇེ་ཡག་དང་། སྤྱང་ཀིའི་ལུས་སྟོབས་ཇེ་བཟང་དུ་གྱུར་ཏོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།