[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • སྙིང་གཏམ་ཁ་ཚ་མ།དཔལ་ལྡན་ལྷུན་གྲུབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   དཔལ་ལྡན་ལྷུན་གྲུབ།    |    སྤེལ་དུས།   2019-06-11

    ཀ་མད་སུམ་ཅུའི་རྒྱགས་ཕྱེ་བསྣམས་ཏེ། །

    ཁ་བ་ཅན་གྱི་མ་འོངས་སླད་དུ། །

    གང་འདོད་སྐྱིད་ཉལ་ཁོ་ནར་མ་ཞེན། །

    ང་ཅག་ན་གཞོན་སློབ་གྲྭར་ཆས་དགོས། །

    ཅ་གས་སྲུང་པའི་མེས་པོའི་སྲོལ་བཟང་། །

    ཆ་ཡ་མ་བྲལ་གཅེས་འཛིན་བྱ་ཆེད། །

    ཇ་ལེ་ཇོལ་ལེའི་ཧོད་རྒྱུགས་མེད་པར། །

    ཉམས་མྱོང་ཅན་གྱི་ཞབས་ལ་བཏུད་དགོས། །

    ཏ་ལེར་གསལ་བའི་སྐད་ཡིག་ཚལ་ལ །

    ཐ་དད་བུང་བའི་སིམ་འཛུལ་མེད་པར། །

    ད་སོར་བཀྲ་བའི་འཛུམ་བརྒྱ་གྲོལ་ཕྱིར། །

    ནམ་ཞར་བརྩོན་པའི་གཤོག་འདབ་རྐྱོང་དགོས། །

    པ་པིར་བྱ་བའི་འཚབ་འཚུབ་སྤངས་ཤིང་། །

    ཕ་མའི་བཀའ་སྲུང་དང་དུ་ལེན་གྱིན། །

    བ་གླང་ལྟ་བུའི་བརླང་སྤྱོད་མེད་པར། །

    མ་ནོར་ལམ་སྟོན་བཤེས་གཉེན་བསྟེན་དགོས། །

    ཙག་ཙིག་ལས་ལ་སུན་སྣང་མེད་ལ། །

    ཚ་གྲང་དཀའ་སྡུག་ཁྱད་དུ་བསད་དེ། །

    ཛ་ཡའི་གསུང་རབ་གཙུག་ཏུ་མཆོད་ཀྱིན། །

    ཝ་འདྲའི་གྲོགས་དག་སྙིགས་བཞིན་དོར་དགོས། །

    ཞར་ཞོར་ཁོམ་དུས་རིག་པ་བསླབས་ཏེ། །

    ཟ་འོག་རྒྱན་གྱི་རྫིག་ངོམས་མེད་ཀྱང་། །

    འ་ཅག་གངས་རིའི་སྲོལ་བཟང་སྐྱོང་གིན། །

    ཡ་རབས་ཚུལ་ལྡན་དམ་པར་བཀུར་དགོས། །

    ར་རོའི་ཚིག་གིས་གཞན་དམོད་དོར་ཞིང་། །

    ལ་རྒྱའི་སྟོང་གཏམ་བརྒྱ་སྒྲོག་མེད་པར། །

    ཤ་རྒྱས་ཁྲག་དར་ལང་ཚོའི་དུས་འདིར། །

    ས་སྟེང་ཀུན་སྨོན་མི་ཞིག་བྱེད་དགོས། །

    ཧ་ལམ་དགའ་སྡང་ཕྱོགས་ལྷུང་མེད་པའི། །

    ཨ་མཚར་གཏམ་འདིས་ཀུན་ལ་ཕན་ཤོག །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།