[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ང་དང་ཆུང་མའི་ལོ་ཟླ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   འཇམ་དཔལ།    |    སྤེལ་དུས།   2019-06-09

    མེས་པོའི་ཞལ་གདམས་འཇིག་རྟེན་མཐུན་འཇུག་གཙུག་ཏུ་བཀུར། །

    འཁོར་བའི་སྐྱོང་ཐབས་བརྩེ་བའི་འདུན་མ་གཅིག་ཏུ་སྦྲེལ། །

    དུངས་པའི་མིག་ཟུང་དགའ་བའི་དགོད་སྒྲ་ལྷན་དུ་འདྲེས། །

    སེམས་པ་འདྲེས་པའི་གཞིས་ཁྱིམ་གཅིག་ཏུ་རྟེན་འབྲེལ་བསྒྲིགས། །

    ཁུ་བྱུག་སྔོན་མོས་སྙན་དབང་གསོ་དུས་ངེད་གཉིས་འཕྲད། །

    ཟླ་འོད་རྣོན་པོས་བསིལ་ཟེར་འཛུམ་དུས་ངེད་གཉིས་མཐུན། །

    གཙང་ཆབ་རིང་མོའི་བཞུར་སྒྲ་འཇགས་དུས་ངེད་གཉིས་འདྲེས། །

    ཐོ་རེངས་བྱ་ཕོས་སྐད་སྙན་སྒྲོག་དུས་ངེད་གཉིས་སད། །

    ཁ་ཆར་བུ་ཡུག་སྐྱིད་སྡུག་རེས་མོས་མཉམ་དུ་མྱངས། །

    དཔུང་གཤིབ་གོམ་སྤོས་མདུན་སྐྱོད་གླུ་དབྱངས་མཉམ་དུ་བླངས། །

    བརྩེ་སེམས་དམ་བཅའ་མི་འཇིགས་རྡོ་རྗེ་མདུད་པར་བརྒྱུས། །

    ཚེ་གཅིག་ལུས་གཅིག་མི་འབྲལ་སྨོན་ལམ་མཉམ་དུ་བཏབ། །

    རྩྭ་ཐང་ཡངས་པོར་མེ་ཏོག་འཛུམ་ཞལ་ཡི་གར་འོང་། །

    རྟ་ནོར་ལུག་གསུམ་མཆོང་ལྡིང་ཞབས་བྲོ་བར་མེད་རྩེན། །

    ཕྱེ་ལེབ་བུང་བ་འཕུར་ལྡིང་གར་གྱི་ཞིང་ན་མྱོས། །

    ངེད་གཉིས་འཇིག་རྟེན་ལྟད་མོ་སྣ་ཚོགས་མཉམ་རོལ་བྱས། །

    ཁེར་རྐྱང་ཁང་སྟོང་དྲོད་ཁོལ་འབར་བའི་མེ་དཔུང་སྤར། །

    ངོ་གདོང་སྐྱ་བོར་སྣུམ་ཞག་འཁྱིལ་བའི་ཤ་མར་བརྩིགས། །

    ནག་ནོག་གྱོན་པ་འཇམ་མཉེན་ལག་པས་གཙང་མར་བཀྲུས། །

    མཛེས་ལྡན་སྙིང་གྲོགས་ང་སེམས་འཁོར་སའི་དྲན་ཤིང་ཡིན། །

    ཁྱིམ་མཚེས་གཡས་གཡོན་མི་རིགས་དབྱེར་མེད་སྤུན་བཞིན་འགྲིག །

    བྱིས་པའི་སློབ་གསོ་མཐོར་འདེགས་དང་ལེན་སྲོག་ལྟར་བརྩི། །

    དཔེ་ཁྲིད་མི་སྐྱོང་བྱ་གཞག་ཀུན་གྱི་ཏོག་ཏུ་བཀུར། །

    དལ་བའི་རྟེན་བཟང་རྙེད་དཀའི་རིན་ཐང་འདི་ནས་རྙེད། །

    དཔྱིད་ཟླ་གསུམ་པོར་ཁྱིམ་གཞིས་འཛུགས་སྐྲུན་ལས་ལ་བྲེལ། །

    དབྱར་ཟླ་གསུམ་པོར་ཕྱུག་འགྱུར་ཁ་གཡང་དབྱངས་རྟར་དྲངས། །

    སྟོན་ཟླ་གསུམ་པོར་ངལ་བའི་རྔུལ་ཆུ་གྲངས་མེད་གཏོར། །

    དགུན་ཟླ་གསུམ་པོར་ལོ་ལེགས་འབྲས་བུ་རི་ལྟར་སྤུངས། །

    རང་རང་ལས་ལ་གཡོ་ཟོལ་དྲི་མ་རིང་དུ་སྤངས། །

    ཕན་ཚུན་དུངས་ཞེན་དགའ་བའི་དགོད་སྒྲ་ཟམ་མི་ཆད། །

    བསམ་དངོས་དཔལ་ཡོན་ཡིད་དབང་འཕྲོག་པའི་རྒྱུ་རུ་ཟད། །

    གཅེས་ཕྲུག་ཟུང་གཅིག་གེགས་མེད་འཚར་ལོངས་སྨིན་པའི་གཞི། །

    ཕོ་རྩལ་སྣ་དགུ་བུ་རབ་རྒོད་པའི་ཁྱོ་བོར་དགའ། །

    སྐྱོན་སྤངས་མཛངས་ཡོན་ལས་ལ་གཉེར་བའི་ཆུང་མར་དུངས། །

    ཕར་དགའ་ཚུར་ཞེན་བགྲང་བྱ་ལྔ་བཅུའི་ཐེམ་པ་བརྒལ། །

    ཡ་རབས་གཡང་ཁྱིམ་ང་དང་ཆུང་མའི་བསྟི་གནས་ལགས། །

    རི་རྒྱལ་ལྷུན་པོ་མ་འཇིག་ངེད་གཉིས་མཉམ་དུ་འཚོ་བར་རོལ། །

    ཞི་བདེ་རྒྱ་མཚོ་མ་བསྐམས་ངེད་གཉིས་བདེ་བའི་དཔལ་ལ་རོལ། །

    ཚེ་ཡི་ཟུངས་ཐག་མ་ཆད་ངེད་གཉིས་གཅིག་སེམས་གཅིག་ལ་གཏད། །

    ང་དང་ཆུང་མའི་བརྩེ་དུང་ཟབ་མོ་སེར་བྱ་ཁྱོ་ཤུག་ཟུང་དང་འདྲ། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།