[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • སྐེ་རྒྱན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བུ་ཚེ་རིང་རྒན་པ།    |    སྤེལ་དུས།   2019-06-09

    མཚམས་གཅོད་ནམ་རྒྱུན་ལྟོ་བཟོ་བ་དང་གོས་བཀྲུ་བ་ལ་སོགས་པའི་ཁྱིམ་ལས་རྩག་རྩིག་དང་བུ་ཆུང་བུ་བཅོལ་ཁང་དུ་སྐྱེལ་བསུ་བྱེད་པའི་ལས་ལ་བྲེལ། མོ་རང་གི་ཟླ་བོ་བསམ་གཏན་ནི་ལས་བྱེད་པ་ཡིན་ཡང་། རིག་གནས་ཀྱི་གནས་ཚད་མཐོ་པོ་མེད་ལ། བཟོ་པའི་ཁོངས་སུ་གཏོགས་པས་ལས་བྱེད་དངོས་དང་འདྲ་བའི་གླ་ཕོགས་ལེན་རྒྱུ་མེད་རྐྱེན། སྒེར་ཁང་ཉོ་མ་ཐུབ་པར་དུས་ད་ལྟའང་ལས་ཁུངས་ཀྱི་ཉལ་ཁང་དུ་བསྡད་ཡོད།

    ནམ་རྒྱུན་འཚོ་བའི་ཁྲོད་མཚམས་གཅོད་ལ་མོ་རང་དང་འདྲ་བའི་འགྲོ་རོགས་འགའ་ཡོད་ཅིང་། ཚང་མའི་ཟླ་བོ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་པས། ཕན་ཚུན་དབར་ལ་ཟས་གོས་དང་རྒྱན་ཆ་སོགས་ཀྱི་ཐད་འགྲན་རྩོད་ཧ་ཅང་ཆེ། ནམ་རྒྱུན་སྔ་དགོང་གཉིས་སུ་ཕྲུ་གུ་སྐྱེལ་བསུ་བྱེད་དུས་སུ། ཚང་མས་གོས་གང་ལེགས་གྱོན་ཞིང་རྒྱན་ཆ་གང་ལེགས་འདོགས་པར་བྱེད་ཅིང་། ཕྲུ་གུ་སྐྱེལ་བསུའི་ལམ་བར་དུ་གླེང་བྱ་གཙོ་བོ་ཡང་སྒེར་ཁང་དང་གོས་རྒྱན་སོགས་ཀྱི་སྐོར་ཡིན་པས། སྒེར་ཁང་ལྟ་ཅི་སྤུས་དག་གི་རྒྱན་ཆ་ཙམ་ཡང་མེད་པའི་མཚམས་གཅོད་ལ་རྟག་ཏུ་དམའ་ཞན་པའི་སྣང་བ་ཞིག་ཡོང་གིན་ཡོད། 

    དེ་སྔ་མཚམས་གཅོད་ཀྱིས་ཁྲོམ་སྲང་ནས་བྱུ་རུ་རྫུས་མ་ཉོས་ནས་སྐེ་རྒྱན་ཞིག་བཟོས་རྗེས། བྱུ་རུ་ངོ་མ་ཡིན་ཚུལ་གྱིས་སྐེ་ལ་བཏགས་ཏེ་སོང་། ཡིན་ནའང་མིག་རྣོ་ལ་ཉམས་ཆོད་པའི་མོའི་འགྲོ་རོགས་ཚོས། མོའི་སྐེ་རྒྱན་ལ་ནན་གྱིས་བལྟས་རྗེས། “མཚམས་གཅོད། རང་གི་བྱུ་རུ་འདི་དག་གང་ནས་ཉོས་པ་ཡིན། གོང་ག་ཚོད་སྤྲད་དམ། ཁྱེད་རང་ལ་མགོ་སྐོར་ཐེབས་པ་ཨེ་ཡིན། གང་འདྲ་བྱས་ཀྱང་བྱུ་རུ་འདི་དག་བྱུ་རུ་ངོ་མ་འདྲ་པོ་མི་འདུག”ཟེར། མཚམས་གཅོད་ཀྱིས་རང་གི་རྫུན་རྐུབ་བརྡོལ་བ་ཤེས་ཏེ། ངོ་གདོང་ཚ་ལམ་ལམ་བྱེད་བཞིན་དུ“བྱུ་རུ་ངོ་མ་ཡིན་མིན་ཤེས་མ་སོང་། མ་གཙང་ནས་སྐེ་རྒྱན་འདི་ངའི་གཅུང་མོའི་ཡིན་པ་ལས་ངའི་མ་རེད། ཁ་སང་ངའི་གཅུང་མོ་གྲོང་གསེབ་ནས་སླེབས་བྱུང་། གཅུང་མོའི་སྐེ་རྒྱན་འདི་མཐོང་འདོད་པོ་ཞིག་བྱུང་བས་ངས་བཏགས་ཙམ་བྱས་པས་བཀྲོལ་རྒྱུ་བརྗེད་འདུག”ཅེས་སྨྲས། དེ་ནས་ཁྱིམ་ལ་སླེབས་རྗེས། མཚམས་གཅོད་ཀྱིས་སྐེ་རྒྱན་བཀྲོལ་ཏེ་སྒམ་གྱི་མཐིལ་དུ་བཅུག

    ངོ་དྲག་པའི་སྐེ་རྒྱན་ཞིག་ཀྱང་འདོགས་རྒྱུ་མེད་པ་ནི་མཚམས་གཅོད་ཀྱི་སེམས་ནད་ཙམ་མ་ཟད་ངོ་ཚ་ཞིག་ཀྱང་རེད། དེར་བརྟེན། མཚམས་གཅོད་ཀྱིས་རང་གི་ཟླ་བོར་སྐེ་རྒྱན་ཞིག་ཉོ་རྒྱུའི་རེ་བ་བཏོན། བསམ་གཏན་གྱིས་ནམ་ཞག་རྒྱུན་དུ་གང་ས་ཅི་ཐད་ལ་གྲོན་ཆུང་བྱེད་པ་ནི་ཁོ་པ་སེར་སྣ་ཆེ་བས་ག་ལ་ཡིན། དེང་གི་ཆར། ལས་ཁུངས་ནང་གི་ལས་བྱེད་པ་དང་། རང་མཉམ་ཆུང་གྲོགས་དང་སློབ་གྲོགས། དེ་བཞིན་དགའ་ཉེ་སྤུན་མཆེད་མང་ཆེ་བར་སྒེར་ཁང་ཡོད་མོད། རང་ཉིད་ལ་སྒེར་ཁང་མེད་པར་སྔར་བཞིན་ལས་ཁུངས་ཀྱི་ཉལ་ཁང་ནང་དུ་སྡོད་དགོས་པ་ནི་ངོ་གནོང་བའི་དོན་ཞིག་ཡིན་པས། ཁོས་གཞུང་ལས་དང་སྒེར་ལས་གང་སར་སྔར་ལས་འབད་འབུངས་ལྷོད་མེད་དང་། ཟས་གོས་སྤྱོད་གསུམ་ལ་གྲོན་ཆུང་བྱས་ནས་ཆང་རག་ཁ་ལ་མི་ལེན་ཞིང་། ཐ་མག་ཀྱང་གོང་ཁེ་བ་ཁོ་ན་འཐེན་ཏེ། གང་མགྱོགས་རང་ལ་དབང་བའི་སྡོད་ཁང་ཞིག་ཉོ་དགོས་བསམ་བཞིན་ཡོད།

    ཆུང་མའི་དེ་ལྟའི་རེ་བ་ནི་མོ་རང་གི་ངོས་ནས་བཤད་ན་ཐལ་དྲགས་པ་ཞིག་ག་ལ་ཡིན། མ་གཞི་ཆུང་མར་ཤེས་བྱ་ཡོན་ཏན་མེད་ལ། རྒྱུན་དུ་ཁྱིམ་ལས་ཙམ་ལས་ཡོང་འབབ་ལེན་རྒྱུ་ཡོད་པའི་ལས་ཀ་ཞིག་མེད་མོད། མོ་རང་ནི་ཁྱིམ་ཚང་སྐྱོང་བའི་ལས་ཀ་དང་བུ་ཆུང་གི་ལྟ་རྟོག་ཐད་འཕྱུག་པ་མེད་ཅིང་། ཁོ་རང་སྔ་ཕྱི་གང་འདྲ་ཞིག་ཏུ་སླེབས་ཀྱང་ཁྱིམ་ནང་ཚ་སོབ་སོབ་དང་། ཟ་འཐུང་སྤྱོད་ཆོག་ཆོག་ཡོད་ཅིང་། ལྷག་པར་དུ་མོ་རང་ནི་སེམས་ཆུང་འཁོས་ཆུང་གིས་འཚོ་བ་སྐྱེལ་མཁན་གྱི་བུད་མེད་ཅིག་ཡིན་པ་ལས། གཏམ་འདོད་ཚ་བའི་བུད་མེད་ཅིག་རྩ་བ་ནས་མ་རེད།

    ཡིན་ནའང་། ཁོ་ཚོའི་ཁྱིམ་ཚང་གི་ངོས་ནས་བཤད་ན། གཡུ་བྱུར་གྱི་སྐེ་རྒྱན་ཉོ་རྒྱུ་ནི་ལས་སླ་བའི་བྱ་བ་ཞིག་ག་ལ་ཡིན། ལྷག་པར་དུ་གསེར་གྱི་རིན་གོང་ཤུགས་ཆེ་འཕར་བའི་ད་ལྟའི་དུས། སྐེ་རྒྱན་ཞིག་ཉོ་བར་ཁོའི་ཟླ་བ་གཉིས་གསུམ་གྱི་གླ་ཆ་དགོས་པ་དང་། སྤྱིར་བཏང་གི་གསེར་གྱི་སྐེ་རྒྱན་ཞིག་གིས་མོའི་འགྲོ་རོགས་ཚོའི་རྒྱན་ཆར་དོ་མི་ཐུབ་ཅིང་། ངོ་དྲག་པའི་སྐེ་རྒྱན་ཞིག་ཉོ་དགོས་ན་རིན་གོང་དེ་བས་མཐོ་བས། དེ་ལྟར་ན་ཁང་པ་ཉོ་རྒྱུའི་རྨི་ལམ་དུས་ནམ་ཞིག་མངོན་འགྱུར་ཐུབ་བམ་བསམས་ནས། གང་འདྲ་བྱས་ཏེ་ཆུང་མའི་རེ་བ་སྒྲུབ་རྒྱུར་བསམ་བློ་མང་དུ་བཏང་།

    དེ་ཉིན་བསམ་གཏན་ཁྲོམ་ལ་འགྲོ་བའི་ལམ་བར་དུ། ལམ་ཟུར་ཞིག་ཏུ་མི་མི་ཉུང་བ་ཞིག་ལྟ་རུབ་བྱེད་ཀྱིན་ཡོད་པ་མཐོང་སྟེ། བསམ་གཏན་གྱི་སེམས་ལ་དེ་གར་ཅི་ཞིག་ཡོད་དམ་སྙམ་ནས་ལྟ་བར་སོང་། དེ་གར་སླེབས་དུས་ལོ་ན་སུམ་ཅུའི་གཡས་གཡོན་གྱི་བུད་མེད་གཅིག་གིས། ཤིང་སྒམ་མི་ཆུང་ཙམ་ཞིག་གི་ཐོག་ཏུ་རས་དམར་པོ་ཞིག་བཏིངས་པའི་ཐོག ལག་དཀྲིས་དང་མཛུབ་རྒྱན། སྐེ་རྒྱན་སོགས་མང་པོ་ཞིག་བཏོན་ནས་འདུག་ཅིང་། དེ་གར་འདུས་པའི་མི་མང་པོས་རང་རང་གི་བློ་ལ་ཡོད་པའི་རྒྱན་ཆ་བླངས་ཏེ་ཚོད་ལྟའི་ཚུལ་དུ་འདོགས་པ་དང་། གོང་ཚད་སྐད་ཆ་འདྲི་བཞིན་འདུག དེ་དུས་ཚོང་པ་བུད་མེད་དེས“ལྷན་རྒྱས་ཚང་མས་གཟིགས་ཤིག གསེར་ངོ་མ་དང་གཅིག་པ་གཅིག་རྐྱང་རེད། བཏགས་ན་མིག་ལ་མཛེས་ཤིང་ཉོས་ན་རིན་གོང་ཆུང་བ། བརླགས་ན་ཕངས་སེམས་མེད་པས། ཚོང་འདི་བརྒྱབ་ན་ཚོང་ཉེས་ཤོར་མི་སྲིད”ཟེར།

    དེ་དུས་བསམ་གཏན་གྱིས་སྐད་ཆ་འདྲི་དུས། དེ་དག་ནི་ལས་སྣོན་བྱས་པའི་རག་ལ་བཟོས་པའི་རྒྱན་ཆ་ཡིན་པར་ཤེས་ཏེ། སེམས་ནང་རྒྱན་ཆ་འདི་དག་གསེར་དང་གཅིག་པ་གཅིག་རྐྱང་རེད་འདུག་ཀྱང་། ལུས་ལ་བཏགས་རྗེས་ཚོས་གཞི་ལོག་གི་མེད་དམ་སྙམ་ནས། “བུ་མོ། རྒྱན་ཆ་འདི་ཚོ་བཏགས་སོང་ན་ཚོས་གཞི་ལོག་གི་མ་རེད་དམ”ཞེས་དྲིས།

    “ཚོས་གཞི་ལོག་མི་སྲིད། གཟིགས་དང་། ངའི་སོར་གདུབ་འདི་བཏགས་ནས་ལོ་གསུམ་ལྷག་ཙམ་སོང་ཡང་ཚོས་གཞི་སྔར་ལྟར་རང་འཇགས་རེད། གསེར་གྱི་ཚོས་གཞི་ལོག་སྲིད་ཀྱང་། རྒྱུ་འདི་ཚོ་དེང་སྐབས་རྫས་འགྱུར་གྱིས་ལས་སྣོན་བྱས་ཙང་ཚོས་ལོག་མི་སྲིད། གལ་སྲིད་ཚོས་གཞི་ལོག་སོང་ཟེར་ན་ང་འཚོལ་བར་ཕེབས་དང་། ངས་ད་ལྟའི་རིན་གོང་གི་ལྡབ་བཅུ་ཕྱིར་སློག་ཆོག”ཟེར།

    དེ་དུས་ལག་ངར་ལ་ཁབ་ཀྱིས་སྟག་རིས་གཙབས་པའི་ཕོ་གཞོན་ཞིག་གིས། “ཚོས་གཞི་ལོག་གི་མི་འདུག ངའི་ལག་རྒྱན་འདི་བཏགས་ཏེ་ལོ་གཉིས་ལ་ཉེ་བ་ཞིག་སོང་། ཡིན་ནའང་ད་ལྟའི་ཆར་འདི་ཆུང་དྲགས་པའི་སྣང་བ་ཞིག་ཡོང་གི་འདུག བུ་མོ། ང་འདི་ལས་སྦོམ་པ་ཞིག་ཉོ་དགོས་ཡོད”ཟེར་ནས། ཁོ་རང་གི་ལག་པའི་མཁྲིག་མར་བཏགས་པའི་གསེར་འདྲ་བའི་ལག་རྒྱན་དེ་ཚོང་པར་བསྟན།

    བསམ་གཏན་གྱི་སེམས་སུ་དེ་འདྲ་ཡིན་ན་རིན་གོང་ཆུང་བའི་ཁར། ཆུང་མས་རྫུས་མ་ཡིན་མིན་མི་ཤེས་བསམས་ཏེ། སྒོར་མོ་ཉིས་བརྒྱ་སྤྲད་དེ་སྐེ་རྒྱན་ཞིག་ཉོས་པ་དང་། ལམ་ཞོར་དུ་མཛེས་རྒྱན་ཚོང་ཁང་ཞིག་ནས། སྐེ་རྒྱན་བླུགས་བྱེད་ཀྱི་སྒམ་ཆུང་ཞིག་ཉོས་ཏེ། དེའི་ནང་སྐེ་རྒྱན་བླུགས་ཏེ་ཁྱིམ་དུ་ལོག ཆུང་མས་སྐེ་རྒྱན་དེ་མཐོང་མ་ཐག་དགའ་ཚོར་དཔག་མེད་སྐྱེས་ནས་ཟླ་བོར་འོ་ཞིག་བྱས་ཤིང་། སྐེ་ལ་བཏགས་ནས་ངོ་ཤེལ་གྱི་མདུན་དུ་ལངས་ཏེ་སྤམ་པོ་ཡོད་མེད་ཡང་ཡང་བལྟས་རྗེས། དགའ་སྣང་དང་བཅས་བུ་བཅོལ་ཁང་ལ་བུ་ཆུང་ལེན་པར་སོང་།

    ཉིན་ཤས་སོང་རྗེས་མཚམས་གཅོད་ཀྱི་སྐེ་ལ་ཟ་འཕྲུག་ཡང་ཡང་ལངས་པ་མ་ཟད། ཚ་ཐོར་འདྲ་བའི་ཐོར་པ་མང་པོ་ཐོན་ཏེ་བཟོད་པར་དཀའ། མོས་མར་དང་སྣུམ། དེ་བཞིན་ཟ་འཕྲུག་འཇོམས་བྱེད་ཀྱི་སྨན་མང་པོ་ཉོས་ཏེ་བྱུགས་ཀྱང་ཟ་འཕྲུག་སྔར་བཞིན་མི་འཇགས་པས། དེ་ཉིན་ཞོགས་པ་བུ་ཆུང་བུ་བཅོལ་ཁང་དུ་བསྐྱལ་རྗེས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་སོང་། སྨན་པས་བརྟག་དཔྱད་བྱས་རྗེས། ན་ཚ་གཞན་དག་ཡིན་ཚོད་མི་འདུག གང་འདྲ་བྱས་ཀྱང་ཟས་སམ་དངོས་པོ་གང་ཞིག་ཁྱེད་རང་ལ་མི་འཕྲོད་པ་འདྲ། ཉེ་དུས་སྔར་དང་མི་འདྲ་བའི་ཟས་སམ་དངོས་པོ་གང་ཞིག་སྤྱད་དམ་ཟེར།

    མཚམས་གཅོད་ནས་བསམ་བློ་མང་དུ་བཏང་རྗེས། “གསར་དུ་ཉོས་པའི་གསེར་གྱི་སྐེ་རྒྱན་དེ་མ་གཏོགས། གཞན་དེ་སྔ་སྤྱད་མ་མྱོང་བའི་ཟས་དང་དངོས་པོ་གང་ཡང་སྤྱོད་མ་མྱོང”ཞེས་ལན་བཏབ།

    སྨན་པས་མཚམས་གཅོད་ཀྱི་སྐེ་རྒྱན་བླངས་ཏེ་ཞིབ་པར་བལྟས་རྗེས། སྤྱིའི་ཆར་གསེར་གྱིས་མི་འཕྲོད་པ་འདི་འདྲ་བྱེད་མི་སྲིད། ཁྱེད་རང་ནས་གསེར་ཚོང་ས་ཞིག་ཏུ་སོང་ནས་གསེར་ངོ་མ་ཡིན་མིན་བཀའ་འདྲི་ཡག་པོ་ཞིག་གནང་དང་ཟེར།

    མཚམས་གཅོད་ནས་སྨན་པས་བཤད་པ་དེ་འདྲ་ཡིན་མི་སྲིད་སྙམ་བཞིན་གསེར་ཚོང་ཁང་གི་ཕྱོགས་སུ་སོང་། མཐར་རང་ཉིད་ལ་ཟླ་བོས་ཉོས་པའི་སྐེ་རྒྱན་དེ་གསེར་ངོ་མ་མིན་པ་ཤེས་རྗེས། ཁོང་ཁྲོས་ངོ་གདོང་ཡང་བྱུ་རུ་ལྟར་དམར་པོར་གྱུར།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།