[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • བཀྲ་ཤིས་སྨོན་ཚིག་མེས་རྒྱལ་མཆོག་ལ་ཕུལ།

    ཀྲུང་གོ་གསར་པ་དབུ་བརྙེས་ནས་བགྲང་བྱ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསོད་ཕུན།    |    སྤེལ་དུས།   2019-06-09

    ཀ་ལིའི་དབྱིབས་འདྲའི་གོ་ལ་སྒོར་མོའི་ཉི་མ་ཤར་སའི་ཁ་ཕྱོགས་ན། །

    ཁ་སྐད་མི་འདྲ་མི་རིགས་ང་དྲུག་བདེ་བར་གནས་སའི་ཞིང་ཁམས་ཆགས། །

    ག་དུས་ཡིན་ཡང་དེ་ཕོའི་གཟུགས་ཀྱི་ས་དབྱིབས་མི་ཉམས་འགྱིང་ངེར་གནས། །

    ང་ཅག་ཀྲུང་ཧྭ་རླབས་ཆེན་མེས་རྒྱལ་བགྲང་བྱ་བདུན་ཅུའི་སྐྱེས་སྐར་ཚེས། །

    ཅ་ཅོ་མ་ཡིན་དམངས་སེམས་དགའ་བའི་ཉམས་མེད་གཏམ་གྱི་སྒྲ་དབྱངས་དེ། །

    ཆ་ལག་རབ་རྫོགས་གནམ་བདེ་སྒོ་མོ་ཆེ་ཡི་བརྗིད་ཆགས་ཡང་སྟེང་ནས། །

    ཇ་ཆང་བདུད་རྩིའི་རོ་བཅུད་བཞིན་དུ་སྐྱེ་རྒུའི་རྣ་བའི་གསོས་སུ་བསྒྲགས། །

    ཉ་གང་ཟླ་བཞིན་དཔལ་ཡོན་རྫོགས་པའི་ཀྲུང་གོ་གསར་པའི་དཔལ་ཡོན་དར། །

    ཏ་ལེར་འཕེལ་བའི་སྙིང་སྟོབས་ངར་མས་བཟོ་ཞིང་སྤེལ་བའི་ཚ་རླབས་འཕྱུར། །

    ཐ་ཤལ་རིག་གསར་ཟང་ཟིང་རྐྱེན་དེས་འཕེལ་རྒྱས་གོམ་ཁ་འགོར་ན་ཡང་། །

    ད་ཀོ་བཅུ་གཅིག་གྲོས་ཚོགས་གསུམ་པས་སྒྱུར་བཅོས་སྒོ་དབྱེའི་བཀོད་ཇུས་བཤམས། །

    ན་བུན་ཕ་མཐར་སྐྲོད་པའི་མཛད་ཇུས་གཤོམ་ལ་དཔའ་བ་ཏེང་ཞའོ་ཕིང་། །

    པ་ཕས་བུ་ལ་ལམ་བུ་སྟོན་མཁས་དྲང་བདེན་འགྱུར་མེད་གུང་ཁྲན་ཏང་། །

    ཕ་རོལ་དགྲ་ཡ་མི་བཞི་ཤོག་ཁའི་ལྐོག་གཡོའི་ངན་ཇུས་རྨང་ནས་འཕྱུངས། །

    བ་དན་གཡོ་བཞིན་སྐར་ལྔའི་དར་དམར་མཐོན་པར་བསྒྲེངས་ནས་ལམ་སྣེ་དྲངས། །

    མ་ཡི་པང་ནས་ཡུན་རིང་བྲལ་བའི་ཤང་ཀང་ཨའོ་མོན་ཁྱིམ་དུ་ལོག །

    རྩ་གཅིག་དུས་རབས་གསར་པའི་ཉི་འོད་ཀྲུང་གོ་ཡོངས་ལ་རབ་འཕྲོས་ནས། །

    ཚ་ཚ་འུར་འུར་ཅན་བཞིའི་འཛུགས་སྐྲུན་ཉམས་མེད་ཡར་ངོའི་ཟླ་ལྟར་འཕེལ། །

    ཛ་དྲག་ཚན་རྩལ་མྱུར་དུ་འཕེལ་ནས་ཕྱོགས་སྟོན་སྲུང་སྐར་ལྷ་གྲུ་སོགས། །

    ཝ་ལེར་རྒྱང་སྐྱོད་མེ་ཤུགས་རྩལ་གྱིས་བར་སྣང་མཐོངས་སུ་འཕུར་རྩལ་ངོམ། །

    ཞ་བོ་འཁར་གྱིས་སྐྱོར་བཞིན་དམངས་ལ་བདེ་སྐྱིད་བསྐྲུན་པའི་མགོན་སྐྱབས་མཆོག །

    ཟ་འཐུང་སྡོད་སོགས་འབྱོར་འབྲིང་སྐྲུན་པའི་ཚོཌ་ཆེན་བཅོ་བརྒྱད་གཟབ་པར་བསྐོངས། །

    འ་འུར་ཟིལ་གྱིས་རུལ་སུངས་དཔོན་ངན་ཁྲིམས་ཀྱི་རྒྱ་ལ་དམ་དུ་བཏགས། །

    ཡ་རབས་མི་སྤྱོད་ལུགས་དང་མཐུན་པའི་ཏང་སྲོལ་བཟང་པོར་དམངས་ཀྱིས་མངགས། །

    ར་ལུག་ལྷས་འདྲའི་སྡོད་ཁང་སྐྱོ་བའི་དབུལ་ཕོངས་ཕྱུག་པོའི་ལམ་དུ་དྲངས། །

    ལ་ཀླུང་འབྲེལ་བའི་རྒྱལ་ཁབ་མང་པོར་རྒྱུད་ལམ་གཅིག་གི་འདུ་འགོད་བཀོད། །

    ཤ་ཞེན་ཆེ་བའི་ཞི་བའི་རྩ་བར་རྒྱལ་ཁབ་ཀུན་གྱིས་ཡིད་སྨོན་བྱེད། །

    ས་སྟེང་འདི་ན་བདེན་པའི་རྒྱབ་ལངས་ཀྲུང་ཧྭ་ཤེས་དཔལ་མེས་པོའི་རྒྱན། །

    ཧ་ལས་ཧོན་ཐོར་སྟོབས་འབྱོར་མངའ་ཐང་གོང་དུ་འཕེལ་བའི་ཉམས་བཟང་ལ། །

    ཨ་མཚར་མཚར་དགུའི་བསྟོད་གླུ་འབུལ་ལ་རབ་ཏུ་སྤྲོ་བའི་སྐྱེ་བོས་ཁེངས། །

    ཧ་ཧ་ང་ཚོ་ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་བཅུ་བཞིས་དགའ་སྟོན་འདིར། །

    ཨ་མ་ལྟ་བུའི་མེས་རྒྱལ་མཆོག་ལ་སེམས་མཚོན་ལེགས་སྐྱེས་འབུལ་ལ་བྲེལ། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།