[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • རལ་གྲི་སྒང་སྤེན་རྒྱལ་གྱི་སྙན་ངག་ཚན་པ་གསུམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    2.喜马拉雅风光(巴乔)IMG_0045.jpg

    ༄༅།།དཔྱིད་འགོའི་གངས་ཆར་ཡིད་ཀྱི་གསོས། 

    ཟུར་དྲུག་ཁ་བའི་འདབ་མ་དལ་དལ་ལྷོད་ལ་བབས་པས།།

    ཆམ་རིམས་ཐལ་རྡུལ་དེ་དག་ཕར་ཕར་མཐའ་ལ་བྱོལ་སོང་།།

    བདེན་གཏམ་དོན་གྱི་རྡོག་ཁ་ཚིག་གི་སྲད་བུར་དྲངས་པས།།

    སྨྱོ་ལབ་མུ་ཅོར་དེ་དག་ནམ་མཁའི་འཇའ་བཞིན་ཡལ་སོང་།།

    སྨུག་སྤྲིན་ལང་ལོང་ཁྲོད་ནས་དྲོད་ལྡན་ཉི་མ་ཤར་བས།།

    ལྡུམ་རའི་མེ་ཏོག་ཚོམ་བུ་འཛུམ་པའི་ཞལ་རས་མངོན་བྱུང་།།

    སློབ་གསོའི་ཡང་དག་ལྟ་བ་གཅིག་རྗེས་གཉིས་ལ་དར་བས།།

    སྤྱང་གྲུང་བློ་རིག་རྒོད་པའི་སློབ་མ་དགའ་བདེས་མྱོས་སོང་།།

    ཆུ་མོ་ཤང་ཤང་སྒྲོག་ཅིང་རྩི་ཤིང་ཡལ་འདབ་རྒྱས་པས།།

    བྱ་བྱིའུ་གསུང་སྐད་སྙན་པོ་རྣ་བའི་བཅུད་དུ་སྨིན་སོང་།།

    ཤེས་སྦྱོང་ལྡུམ་ར་གྲུ་བཞིར་འབྲི་ཀློག་འཆད་ཉན་དར་བས།།

    རྣམ་དཔྱོད་བློ་དང་ལྡན་པའི་ཤེས་ལྡན་མང་དུ་འཕེལ་སོང་།།

    2.喜马拉雅风光(巴乔)IMG_0045.jpg

    ༄༅།།མི་མཐུན་རྐྱེན་མང་འདི་ནི་མཚར།

    ཤར་ཙི་ནའི་ཡུལ་དུ་འདུག་ཙ་ན།།

    ཆེས་ཁྱད་འཕགས་རྩམ་པའི་དྲི་ཞིམ་དྲན།།

    ཟས་རྩམ་པའི་བྲོ་བ་མྱོང་བའི་ཚེ།།

    འབྲས་སིལ་མ་ཟ་འདོད་ལངས་འདི་མཚར།།

    སྡུག་ཁུར་པོས་མནན་པའི་སྐབས་སྐབས་ན།།

    མཛའ་ཕྱི་ཐག་རིང་བའི་གྲོགས་པོ་དྲན།།

    གླུ་ཨ་ལ་ལེན་པའི་ཉམས་ཤར་ན།།

    རྨ་བརྗེད་དེ་ཁེངས་པ་སྟོན་པ་མཚར།།

    ཡུལ་རྒྱུས་མེད་མཐའ་ལ་འཁྱར་བ་ན།།

    དྲིན་ཕ་མའི་བྱམས་བརྩེ་ཡིད་ལ་ཤར།།

    སླར་ཕ་མའི་འགྲམ་དུ་འཁོར་ཚེ་ན།།

    ཚིག་རྩུབ་མོས་ཁ་ལན་སློག་འདི་མཚར།།

    ནད་ལྕི་པོས་མལ་སར་ལྷུང་བ་ན།།

    སྡིག་སྣ་དགུ་བསགས་པར་འགྱོད་པ་སྐྱེ།།

    ལུས་འབྱུང་གཞི་བདེ་བར་གྲོལ་ཚེ་ན།།

    རང་རྒྱལ་འདོད་ཞེ་སྡང་ལངས་འདི་མཚར།།

    གྲོང་བརྒྱ་གྲོང་དབུས་སུ་འདུར་བ་ན།།

    ཁུ་སིམ་སིམ་རི་གྲོང་ཡིད་ལ་འཁོར།།

    ཁྱིམ་བྱ་ཕོ་བྱ་མོའི་སྐད་ཐོས་ཚེ།།

    ཡུལ་ཡུལ་པོའི་སྣང་བ་འཆར་འདི་མཚར།།

    ཟོག་འབྲི་གཡག་བཤས་རར་བརྫངས་པ་ན།།

    བཟོད་དཀའ་བའི་སྙིང་རྗེ་བློ་ལ་ཤར།།

    རང་ལྟོ་ཐུན་གཅིག་ལ་ཤ་མེད་ཚེ།།

    ཟས་འཇུ་ཐབས་མེད་ལུཌ་བགྲང་འདི་མཚར།།

    ཐོབ་གོ་ས་ཅི་ཡང་མེད་པ་ན།།

    གོང་དཔོན་གྱི་ནོར་འཁྲུལ་སྣ་ཚོགས་སྒྲོག།

    ཞབས་སྟེགས་བུ་ཨེན་ཙམ་འཕར་བའི་ཚེ།།

    ཁར་སྒོ་ལྕགས་ཐེབས་འདི་ཨེ་མ་མཚར།།

    དཔལ་མཆོག་གིས་པར་བླངས།

    200881214858670_2.jpg

    ༄༅།།ངོ་རེ་ཚ།

    དགུང་ཨ་སྔོན་ཡངས་པའི་དཀྱིལ་འཁོར་ན།།

    ཕར་ཚུར་ལྡིང་སྤྲིན་གྱི་གོང་བུ་ཁྱེད།།

    དམའ་ས་གཞི་ཐན་པས་གདུང་དུས་སུ།།

    བཅུད་སྦྲང་ཆར་ཟིལ་མ་མ་ཕོབ་པར།།

    ཁ་ཁ་རོག་སོང་ན་ངོ་རེ་ཚ།།

    དམངས་ཕལ་པས་གོང་དུ་བཀུར་བའི་ཡུལ།།

    ཁྲི་མཐོན་པོར་འགྱིངས་པའི་དབང་འཛིན་པ།།

    ཁྲིམས་དྲང་བདེན་བཏང་སྙོམས་དགོས་དུས་སུ།།

    ལས་བཟང་པོའི་ལམ་སྣེ་མ་དྲངས་པར།།

    ལྐོག་ངན་འབྲེལ་བཙུགས་ན་ངོ་རེ་ཚ།།

    རྒྱུ་ལོངས་སྤྱོད་ཀླུ་ལ་འགྲན་ཕོད་པའི།།

    དཔལ་འབྱོར་པ་རྒྱས་པའི་ཕྱུག་བདག་ཁྱེད།།

    སྤྲང་མགོན་མེད་སློང་ལ་ཕྱོགས་དུས་སུ།།

    གཏོང་མི་ཕོད་བྲེ་གསོག་ཕུལ་གསོག་གིས།།

    ལག་སེར་སྣས་འཇུངས་འདི་ངོ་རེ་ཚ།།

    རྩོམ་སྒྱུ་རྩལ་ཡངས་པའི་དོ་ར་ན།།

    ལག་སོར་རྩལ་བྱང་ཆུབ་སྙན་ངག་པ།།

    དོན་འཚོ་བའི་ཉིང་བཅུད་དགོས་དུས་སུ།།

    དེ་མཚོན་པའི་རི་མོ་མ་འཐེན་པར།།

    གཏམ་ཁ་གཡང་སྤུངས་འདི་ངོ་རེ་ཚ།།

    ཉམས་དགའ་བའི་སློབ་རའི་གྲུ་ཟུར་ན།།

    གོས་མཛེས་པོས་བཀླུབས་པའི་སློབ་མ་ཁྱེད།།

    དྲིན་ཕ་མར་གཏམ་སྙན་དགོས་དུས་སུ།།

    དགོས་ཤེས་བྱར་བརྩོན་པ་མ་བསྐྱེད་པར།།

    ཁྱི་འཁྱམ་པོའི་གྲལ་འཇུག་ངོ་རེ་ཚ།།

    642729dddd06e96cae4d35f23c01c6c7_36501454249568548.jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།