[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ངའི་ཡུམ་ཆེན་ཡིད་ཀྱི་ལྷ་མོ་ཡིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀྱེ་ཕུར་མཆོག་གསུམ།    |    སྤེལ་དུས།   2019-05-12

    ང་ཡི་གཉོམ་དུང་དུང་གི་ཨག་སྐད་དེས། ཁྱེད་ལ་དགའ་སྣང་ཅི་ཙམ་རྒྱས་པ་ངས་ཚོད་དཔག་བྱེད་དཀའ། ཡིན་ནའང་། ཁྱེད་ཀྱི་ལྷུ་ཆེན་ལྷུ་ཆུང་འཐོར་ཞིང་སྒལ་གཞུང་གི་འཕང་ལོ་ཞེ་དགུར། གཟེར་ཆེན་གྱི་འབྲུག་སྟོང་ལན་དགུར་ལྡིར་ཏེ་ང་རང་མི་ཡུལ་གྱི་མགྲོན་པོར་བསུས་པ་ངས་གསལ་པོར་ཤེས། ངའི་བསྐལ་པའི་རྒྱབ་རི་བཀན་མོ་སྟེ་བདག་གི་ཡུམ་ཆེན་ལགས།

    མི་ཁ་ཡི་ཁ་བ་ལྷབ་ལྷུབ་འབབ་པའི་རི་ལུང་ན། དཀའ་ཚེགས་ཀྱི་ཆུ་མོ་འཁྱག་པར་ཆགས་པའི་གཙང་འགྲམ་ན། ཐུགས་ཁྲལ་གྱི་གདོང་ལ་ས་རྡུལ་བགོས་པའི་དགོང་སྲོད་དུ། ཁྱེད་ཁོ་ན་ལྷབ་ལྷུབ་གཡོ་བའི་དར་ལྕོག་དང་། གར་སྟབས་འཁྱུག་པའི་གསེར་ཉ། འོད་དུ་འབར་བའི་སྒྲོན་མེར་འགྲེངས་ཡོད།

    ཡིན་ནའང་། རྒྱབ་ལྭ་བ་དྲོན་མོས་རང་ལུས་བརྒྱན་ཏེ། ཟས་བཅུད་ལྡན་མངར་མོས་ལྟོ་བ་རྒྱགས་དུས། སུ་ཞིག་གིས་དྲིན་ཨ་མ་འཛུམ་ཆུང་དྲོན་མོས་བསུ་མྱོང་། སུ་ཞིག་གིས་དྲིན་ཨ་མ་སྙན་མོ་ཚིག་གིས་བཀུར་མྱོང་། སུ་ཞིག་གིས་དྲིན་ཨ་མ་འཇམ་པོ་གོས་ཀྱིས་གཡོགས་མྱོང་།

    དེ་ལྟ་ན་ཡང་། ཁྱེད་ནི་སྔར་བཞིན་སྲིད་པའི་དར་ཆ་སྟེ། འཁོར་བའི་གཤིན་ཐང་ན་ལྷབ་ལྷུབ་ཀྱིས་གཡོ། བཀལ་འཁེལ་དང་བཞོ་ལས་བར་ན་འདུར་རྒྱུག་གིས་འཚོ་ཞིང་། ཞོགས་པའི་ཟིལ་བ་དང་མཚན་གྱི་སྨག་རུམ་གཏོར་ཏེ། བུ་ཕྲུག་གི་ལས་དབང་དང་བདེ་ཐང་སེམས་ཀྱིས་བསྲུངས་ཡོད།

    ཡུམ་ཆེན་ལགས། ང་ཡི་ཚེ་སྲོག་ཁྱེད་ཀྱིས་གནང་ཞིང་ང་ཡི་མི་གཙང་ཁྱེད་ཀྱིས་ཕྱིས། ངའི་འཁྱར་འཁྱོར་གྱི་གོམ་འགྲོས་དང་ཆལ་ཆོལ་གྱི་ངག་ཚིག་དག་ཀྱང་ཁྱེད་ཀྱིས་གསོས་ཏེ། ང་རང་རླུང་རྟ་བཞིན་འཇིག་རྟེན་གྱི་མཐོ་སར་སྤུར་བ་བརྗེད་དུ་མེད།

    ཨ་མ་ནི་ཤོག་བྱ་སྤུར་མཁན་ཞིག་སྟེ། ང་རང་ཇི་ལྟར་འཕུར་ཡང་གཏན་ནས་གཏོང་མི་སྲིད་པ་ཨ་མ་རེད། ཨ་མ་ནི་བལ་སྐུད་འཁེལ་མཁན་ཞིག་སྟེ། ཇི་ལྟར་བཀལ་ཡང་གཏན་ནས་ཆད་མི་སྲིད་པ་ཨ་མའི་ཐབས་རྩལ་རེད། འཇིག་རྟེན་ན་ཨ་མ་ཡོད་པས། བུ་ཕྲུག་ཚོར་ནམ་ཡང་དབྱར་ཟླ་ཚེས་ཡོད།

    སྙིང་ཉེ་བའི་བུ་ཕྲུག་ཚོ། ང་ཚོས་ནམ་རྒྱུན་རི་ཁ་ན་དར་ལྕོག་ལྟར་ཟད་ཀྱིན་པའི་ཨ་མ་དྲན་འོས། ནུབ་ཁ་ན་ཉི་ཟེར་བཞིན་ཡིབ་པར་བྲེལ་བའི་ཨ་མ་དྲན་འོས། རླུང་ངོགས་ན་སྒྲོན་མེ་བཞིན་གཟིམ་ལ་ཉེ་བའི་ཨ་མ་དྲན་འོས། ཨ་མའི་ལྗོན་པ་འགྱེལ་ཏེ་ལྟག་ཆུ་ཆད་ཚེ། ང་ཚོ་སྡུག་བསྔལ་གྱིས་མནར་ངེས་ལ། བཀྲེས་ལྟོགས་གདོན་གྱིས་གཟིར་སྲིད།

    ཨ་མས་ལག་པའི་སེར་ཁར་ལྷན་པ་གླན་ནས། རྐང་པའི་ཚེར་མ་སེམས་ཀྱིས་བསྲན་ནས། ནང་བུ་ཕྲུག་དག་ལ་ཉིན་དཀར་གྱི་སོ་བ་བྱས་ཏེ་མཚན་མོ་ཡི་མེལ་ཚེ་བྱ་དོན། སུ་ཞིག་ལ་བུ་ལོན་ཆད་པ་ཨེ་རེད། ཨ་མ། གཉིད་ཀྱི་གདུང་བ་དང་ལྟོགས་པའི་རྡོག་ཁྲེས་ཁུར་བའི་ཡུམ་ཆེན་ལགས།

    སྤྱི་ཚོགས་དང་དཔལ་འབྱོར་འཕེལ་ཏེ་ཡང་རྩེར་སོན་ནས། དུས་ཀྱི་འགྱུར་བག་ཇི་ལྟར་ན་ཡང་། ཨ་མ་ལགས། ཁྱེད་ཉིད་ཁོ་ནས་ད་དུང་གཞིས་ཁྱིམ་གྱི་དྲོད་ཁོལ་བསྲུངས་ཏེ་བུ་ཕྲུག་གི་འགྲོ་འདུག་སེམས་ཀྱིས་བསྐྱོར་ཡོད། སྤྲོ་སྣང་གི་རྩམ་པ་སེམས་ཀྱིས་འཐག་ནས་བཟའ་མི་དག་གི་བདེ་སྐྱིད་རྔུལ་ཆུས་བསྐྲུན་ཡོད།

    ཨ་མ་ལགས། རྐང་ལ་ཚེར་མ་ཟུག་ན་སྟོན་ས་ཁྱེད། མགོ་བོའི་རྨི་ལམ་འཁྲུགས་ན་ཞུ་ས་ཁྱེད། སྙིང་རྗེ་མེད་པའི་ལོ་ཟླའི་རྗེས་ཤུལ་རེ་རེ། ཁྱེད་ཀྱི་དཔྲལ་གཞུང་ལ་ཀྱག་ཀྱོག་ཏུ་བབས་ཤིང་། སྐྲ་འདབས་ལ་ཁ་བ་བཞིན་འཐོར་དུས། ངའི་ཡིད་ཀྱི་གངས་རི་ཉིལ་ཏེ་དོན་སྣོད་ཀྱི་འཁྲི་ཤིང་འགྱེལ་འགྲོ། ངའི་ཚེ་རབས་སྟོང་གི་བདག་མོ་སྟེ། མི་ཡུལ་གྱི་སྒྲོལ་མ་དཀར་མོ།

    ཨ་མ་ལགས། འཇིག་རྟེན་འདིར། ལས་ནས་ཚར་བའི་དོན་ཞིག་གཏན་ནས་ཡོད་མི་སྲིད་ལ། སེམས་ཁྲལ་གྱི་ནམ་མཁའ་ཡོངས་སུ་དྭངས་ཤིང་། སྐྱོ་ངལ་གྱི་སྐར་ཚོགས་རྦད་དེ་བདས་སོང་བ་ཞིག་ཀྱང་གཏན་ནས་ཡོད་མི་སྲིད་པས། གནས་སྐབས་འོ་མ་འཇོ་དཀྲོག་གི་ལས་ཀ་བསྐྱུར་ནས་ཞོག་དང་། འུ་ཅག་མ་བུ་གཉིས་ཀ དབུས་ལྷ་ལྡན་གཞུང་ལ་གནས་མཇལ་བར་འགྲོ། 

    ཨ་མ་ལགས། འདས་ཟིན་པ་ལས་ཀྱིས་བསྐོས་ཐང་ཡིན་ལ། འོང་བཞིན་པ་འཚོ་བའི་མངར་ཁ་ཡིན་པས། ལག་པའི་འོ་དྲེག་དང་གདོང་གི་ཐལ་རྡུལ་ཁྲུས་དང་། ང་ཚོས་སྐྱིད་ལ་ཁའི་ཉི་མ་ཐོད་ཀྱིས་བསུ། དུང་ཟླ་བའི་དཀར་གསལ་གཞིས་ལ་འདྲེན། ད་དུང་ངས་ཉི་ཟླའི་མགུལ་རྒྱན་བསླེས་ནས། དྲིན་ཨ་མ་ཁྱེད་ལ་སྐྱེས་སུ་འབུལ་འདོད།

    གནམ་འདེགས་ཀྱི་ཀ་བ་དང་ས་གཞིའི་རྟེན་ཕུར་དུ་གྲུབ་པའི་ཡུམ་ཆེན་ལགས། ཁྱེད་ཉིད་ནམ་ཡང་སྐུ་འཚོ་གསལ་ཐང་ཡོང་བའི་སྨོན་ལམ་སྙིང་དབུས་ནས་འདེབས་སོ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།