[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄༅སྟོད་མངའ་རིས་སུ་བསྐྱོད་པའི་ཟིན་ཐོ་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   དཔལ་མཆོག    |    སྤེལ་དུས།   2019-05-07

    班公湖晚霞(巴乔)_s.jpg

    སྤྱི་ལོ་2017ལོའི་དབྱར་ཟླ་བདུན་པར། གུས་ཕྲན་དབུས་གཞུང་ལྷ་ས་ནས་རྡོག་ཐོན་བྱས་ཏེ། འཛམ་གླིང་ཡང་རྩེའི་ཀ་ར་ཀུ་རུན་རི་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད། གངས་ཏི་སེའི་རི་རྒྱུད་བཅས་ཀྱི་དབུས་ན་ཆགས་པའི་མངའ་རིས་ས་ཁུལ་དུ་གསར་འགྱུར་བཅར་འདྲིའི་ལས་དོན་སྒྲུབ་པར་བསྐྱོད་ཅིང་། སྟོད་མངའ་རིས་ཀྱི་སྤྱིའི་ས་ཁོངས་ཁྲོད་ནས་སྤུ་ཧྲེང་དང་། རྩ་མདའ། སྒར། རུ་ཐོག་བཅས་མཐའ་མཚམས་རྫོང་ཁག་བཞི་པོའི་ཤང་དང་གྲོང་ཚོར་གཟབ་བསྐྱོད་བྱས།

    སྤུ་ཧྲེང་གངས་ཀྱིས་བསྐོར་ཞེས་ནེ་པ་ལའི་རྒྱལ་ཁབ་དང་འབྲེལ་བའི་ཡུལ་ལུང་དེ་དང་། ཡུལ་དེའི་སྙན་གྲགས་འཛམ་གླིང་ལ་ཁྱབ་པའི་གངས་དཀར་ཏི་སེ་དང་། མ་ཕམ་གཡུ་མཚོ། ལ་ལྔ་མཚོ་མོ་བཅས་ཀྱི་རང་བྱུང་གི་མཛེས་ཉམས་དང་། དེ་བཞིན་འཁོར་ཆགས་དགོན་གྱི་ཤེས་དཔལ་སོགས་ཉེ་མཇལ་དོན་སྨིན་བྱུང་བས། གུས་པའི་རྒྱུན་རིང་གི་བསམ་དོན་ལྷུན་གྱིས་གྲུབ་པར་དགའ་བ་འབུམ་གྱིས་མྱོས། སྤུ་ཧྲེང་རྫོང་གི་ཆགས་ཚུལ་དེ་ཡང་གངས་དཀར་ཏི་སེའི་མཐའ་འཁོར་ཕལ་ཆེར་ས་བབ་མཐོ་ཡང་རྩྭ་ཆུ་འཛོམས་པའི་འབྲོག་ཁུལ་གྱི་རྣམ་པ་ཞིག་ཡིན་ལ། དེང་གི་ཆར་དེ་གར་མངོན་པའི་ཆེས་དམིགས་བསལ་གྱི་སྣང་ཚུལ་ཞིག་ནི། གངས་རིའི་ཉེ་འཁོར་གྱི་འབྲོག་པ་ཚོས་ཡུལ་སྐོར་ཞབས་ཞུ་སོགས་ཐོན་ལས་གསུམ་པའི་ལས་རིགས་རྒྱ་ཆེར་གཉེར་བཞིན་ཡོད་པས། སྤྱིར་ན་ཡུལ་ལུང་དེར་གནའ་སྔ་མོ་ནས་འབྲོག་ལས་ཀ་རྟེན་དུ་བྱེད་པའི་ཐོན་སྐྱེད་ཀྱི་རྣམ་པར་འགྱུར་བ་བྱུང་སྟེ། ད་ཆ་ཐོན་ལས་གསུམ་པའམ་ཞབས་ཞུའི་ལས་རིགས་འདི་ཉིད་དཔལ་འབྱོར་གྱི་འཕར་གཞི་གཙོ་བོར་གྱུར་བཞིན་འདུག མ་ཕམ་གཡུ་ཡི་མཚོ་མོ་དང་ལ་ལྔ་མཚོ་ཡི་ལྷོ་ཕྱོགས་སུ་གནས་པའི་གནས་མོ་སྣ་གཉིས་གངས་རིའི་རྒྱབ་ཀྱི་རྨ་བྱ་ཁ་འབབ་བཞུར་བའི་ལུང་ཤུར་དུ་ཆགས་པའི་རྫོང་གྲོང་གི་ས་བབ་དེ་ནི། སྤྱིར་ན་ལྷོ་ནུབ་ཡུག་གཅིག་ཏུ་ཧི་མ་ལ་ཡའི་རི་རབ་ཀྱིས་བསྐོར་ཡང་ས་བབ་དམའ་བས་ཞིང་འབྲོག་ལས་ཟུང་དུ་གཉེར་ཆོག་པའི་ཡུལ་ཁྱད་པར་ཅན་དེ་ནི་མངའ་རིས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་གྲས་ཤིག་ཡིན། དེ་དང་ཕྱོགས་མཚུངས་ཡུལ་དེ་རྒྱ་གར་དང་བལ་ཡུལ། ཀྲུང་གོ་བཅས་ཧ་ལམ་རྒྱལ་ཁབ་གསུམ་གྱི་གསུམ་མདོའི་ས་མཚམས་སུ་ཆགས་པས། མཐའ་མཚམས་ཀྱི་དཔལ་འབྱོར་ཉོ་ཚོང་འཁྲུག་ཆ་དོད་ལ། རྒྱལ་ཁབ་ཕན་ཚུན་དབར་དངོས་ཟོག་བརྗེ་རེས་ཀྱིས་མཐའ་མཚམས་མི་སེར་གྱི་འཚོ་བའི་ཞན་ཆ་གསབ་རེས་ཐུབ་པའི་ཁར། རྒྱ་གར་དང་བལ་ཡུལ་གྱི་གནས་མཇལ་བ་ཕལ་ཆེར་ཐད་འཕུར་གནམ་གྲུར་བསྡད་ནས་སྤུ་ཧྲེང་གི་འགག་སྒོའི་མཚམས་སུ་འབྱོར་བཞིན་འདུག

    གཤམ་སྐྱོད་བྱེད་རིང་གི་བག་ཆགས་ཟབ་ཤོས་ཤིག་ནི་ངེད་ཚོ་རྩ་མདའ་རྫོང་གི་གནའ་ཤུལ་དང་མཐའ་ཁུལ་གྲོང་ཚོ་ཁག་ཏུ་བསྐྱོད་རྒྱུ་བྱུང་བ་དེ་ཡིན། རྩ་མདའ་ནི་བོད་ཀྱི་ལོ་རྒྱུས་དང་ཤེས་དཔལ་ཐད་དུས་ཡུན་རིང་ཤོས་ལྡན་པའི་ས་ཆ་ཞིག་ཡིན་པ་ཐོས་མྱོང་། གནའ་བོའི་ཞང་ཞུང་གི་ཁྱུང་ལུང་དངུལ་མཁར་དང་། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ། མཐོ་ལྡིང་གཙུག་ལག་ཁང་སོགས་ཚང་མ་ཡུལ་དེར་གནས་ཡོད། འགྲོ་བ་མིའི་རིགས་ཀྱི་ཤེས་དཔལ་མང་པོའི་ཆུ་འགོ་ནི་གནའ་བོའི་ཞང་ཞུང་གི་ཤེས་རིག་ཡིན་པར་བཞེད་ལ། བཙན་པོའི་རྒྱལ་རབས་མངའ་ཐང་མ་དར་བའི་སྔོན་དུ། ཞང་ཞུང་ནི་ཨེ་ཤེ་ཡ་དཀྱིལ་མ་དང་མཚོ་བོད་མཐོ་སྒང་རྒྱུད་དུ་སྟོབས་འབྱོར་མངའ་ཐང་ཆེ་ཤོས་ཀྱི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན། རྒྱལ་ས་ནི་རྩ་མདའ་རྫོང་མདའ་འབབ་ཤང་ཁྱུང་ལུང་གྲོང་ཚོར་ཆགས། བྲུ་སའི་གད་སྟེང་གི་ལྡེབས་སུ་ཡུག་གཅིག་ལ་ཆགས་པའི་ས་ཕུག་གི་རྒྱལ་ས་དེ་ཡང་བྱ་རྒྱལ་ཁྱུང་རྒོད་ཀྱི་གཤོག་པ་མངོན་སུམ་བརྐྱངས་པ་ལྟར་དུ་གནས་ཤིང་། ངེད་ཚོས་བྲུ་སའི་ས་ཕུག་མང་པོའི་ནང་དུ་འཛུལ་ཏེ་སྔ་མོའི་ཞང་ཞུང་གི་མེས་པོ་ཚོའི་འཚོ་གནས་ཀྱི་ཁོར་ཡུག་ལ་མྱོང་རོལ་བྱེད་སྐབས། དངུལ་མཁར་ཧྲིལ་པོའི་གཞི་ཁྱོན་དང་བཀོད་པ་ནི་ང་ཚོའི་སྟབས་བདེ་བའི་བསམ་ཚོད་ལས་ཡོངས་སུ་བརྒལ། དཔེར་ན་སྐམ་ཤས་ཆེ་བའི་ས་ཕུག་གི་ཁུང་བུར་ཉི་འོད་ཕོག་ས་ཆེར་མེད་པས་བརླན་གཤེར་གྱིས་བྲུ་སའི་ས་ཕུག་གི་གྲུབ་ཆར་གནོད་སྐྱོན་འབྱུང་སྲིད་པ་དང་། ཡང་གནས་དེར་འཚོ་སྡོད་བྱེད་མཁན་ཚོའི་ཉིན་རེའི་འཚོ་བའི་སྤྱོད་ཆུ་དང་ཆུ་སྙིགས་བཞུར་སའི་ཡུར་བུ་སོགས་ནི་རྦད་དེ་གསང་བ་ལྐོག་གྱུར་གྱི་སྣང་ཚུལ་ཞིག་ཏུ་སྣང་། ལོ་རྒྱུས་ཀྱི་འཕེལ་རིམ་དང་བསྟུན་བཙན་པོའི་རྒྱལ་རབས་ཀྱིས་ཞང་ཞུང་མངའ་དབང་དུ་བསྡུས། བཙན་པོའི་རྒྱལ་རབས་དང་ཞང་ཞུང་རྒྱལ་རབས་ཀྱི་མི་རྒྱུད་ཚོས་དུས་ཕྱིས་སུ་མཉམ་དུ་གུ་གེའི་རྒྱལ་རབས་བཙུགས་པར་བཞེད། དུས་རབས་13ནས་15ཡི་རིང་ནི་གུ་གེའི་རྒྱལ་རབས་ཀྱི་དམག་དོན་དང་ཆབ་སྲིད། དཔལ་འབྱོར། ཆོས་ལུགས། རིག་གནས་སོགས་ཁྱོན་ཡོངས་དར་རྒྱས་གོང་འཕེལ་གྱི་དུས་རབས་ཤིག་ཡིན་པ་དང་། དུས་རབས་16ནི་རྒྱལ་རབས་དེའི་འཕེལ་རྒྱས་ཡང་རྩེར་སོན་པའི་དུས་ཡིན་ཞེས་ལོ་རྒྱུས་དེབ་ཐེར་ཁག་ལ་འཁོད།

    སྟི་ཡག་ཤང་ནི་རྩ་མདའ་རྫོང་དང་ལམ་ཐག་སྤྱི་ལེ་230ཙམ་ཡོད་ཅིང་། ཡུལ་དེ་ནི་ལང་ལོང་དུ་བཞུར་བའི་གླང་ཆེན་ཁ་འབབ་ཀྱི་སྨད་རྒྱུད་དུ་ཆགས་པ་དང་། ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་2800ཙམ་ཡོད་ཅིང་། མངར་ཁམ་དང་ཀུ་ཤུ་སོགས་འབྲས་ཤིང་སྣ་ཚོགས་སྐྱེ་སའི་ཡུལ་ལུང་ཞིག་རེད། རི་འདབས་སུ་རྒྱ་སེ་མེ་ཏོག་རབ་ཏུ་བཞད་པའི་ཡུལ་དེ་རུ། ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས། ང་ཚོས་ཤང་དེའི་སྐྱུགས་པ་གྲོང་ཚོ་ནས་སྲིབ་སྐྱེས་གྲོང་ཚོའི་ཕྱོགས་སུ་རྒྱང་ལྟ་བྱེད་སྐབས། ཡུལ་དེ་ནི་ས་རྒྱ་ཤིན་ཏུ་ཡངས་ཤིང་། ཤིང་སྣ་མི་གཅིག་པའི་ནགས་ཚལ་རབ་ཏུ་སྟུག་པའི་ཁར། རྩྭ་ཁ་བཟང་ལ། བདག་མེད་རི་དྭགས་མང་བ་མ་ཟད། གཏེར་ཁའི་རི་བོ་ཡང་མང་དུ་ཡོད་པ་རྟོགས་བྱུང་།

    མཐོ་ལྡིང་གཙུག་ལག་ཁང་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་གླང་ཆེན་ཁ་འབབ་རྒྱུག་ཁུལ་གྱི་འགྲམ་ན་ཆགས། གོ་ཐོས་ལ་དེ་ནི་སྟོད་མངའ་རིས་ཁུལ་གྱི་ནང་བསྟན་གཙུག་ལག་ཁང་སྔ་ཤོས་ཡིན་པར་གྲགས་ཤིང་། གཙུག་ལག་ཁང་དེ་ནི་ལ་ལས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་བཞེངས་པར་བཤད་པ་དང་། ལ་ལས་བོད་སིལ་བུར་འཐོར་བའི་དུས་སུ་བཙན་པོའི་རྒྱལ་རྒྱུད་བཞི་བྱུང་བའི་ཡ་གྱལ་མངའ་རིས་རྒྱལ་རྒྱུད། གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་དང་ལོ་ཙཱ་བ་ཆེ་མོ་རིན་ཆེན་བཟང་པོ་སོགས་ཀྱིས་སྤྱི་ལོ་996ལོར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་བཟོ་བཀོད་ལ་དཔེ་བྱས་ནས་གསར་དུ་བཏབ་པར་བཤད། ངག་རྒྱུན་ལྟར་ན་མཐོ་ལྡིང་དགོན་ཞེས་པ་ནི་བཙན་པོའི་དབུ་ཞྭ་ནམ་མཁར་གཡུག་ནས་གང་དུ་ལྷུང་བའི་ས་དེར་གཙུག་ལག་ཁང་བཞེངས་པར་བཞེད་ནས་དགུང་དུ་གཡུག་པས། དབུ་ཞྭ་མཐོན་པོར་ལྡིང་ནས་སར་བབས་པའི་གནས་དེར་གཙུག་ལག་ཁང་བཞེངས་ཏེ་མཐོ་ལྡིང་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་པའི་མཚན་གསོལ་བར་གྲགས། 

    དེ་ལྟར་ངེད་ཚོས་ད་དུང་རུ་ཐོག་རྫོང་དང་རྒྱ་གར་ས་མཚམས་དབར་ཆགས་པའི་མཚོ་མོ་ངང་ལག་རིང་མོ་དང་གདོད་མའི་བྲག་བརྐོས་ཀྱི་གནའ་ཤུལ་སོགས་མཇལ་ཞིང་། གཙོ་ཆེར་ང་ཚོས་ད་དུང་རུ་ཐོག་རྫོང་གི་ལྕགས་སྒང་གྲོང་ཚོ་དང་སྒར་རྫོང་བཀྲ་ཤིས་སྒང་ཤང་འདེམས་མཆོག་གྲོང་ཚོ་སོགས་སུ་བསྐྱོད་དེ་མཐའ་མཚམས་མི་སེར་གྱི་བ་གམ་ཅན་གྱི་ཁང་བཟང་པར་དུ་བླངས་ཤིང་། སྣུམ་ཞག་འཁྱིལ་བའི་མི་སེར་གྱི་འཚོ་བར་རྒྱུས་ལོན་བྱས་པ་མ་ཟད། ཉིན་ལྟར་སྦྲང་ཆར་ཟིལ་མའི་ཁྲོད་དུ་རླངས་འཁོར་ཁོད་སྙོམས་པའི་སྣུམ་ནག་གཞུང་ལམ་དུ་འཇམ་པོར་བཞུད་ནས་འགྲོ་དུས། མེས་རྒྱལ་གྱི་སྟོབས་འབྱོར་མངའ་ཐང་རིམ་བཞིན་རྒྱས་པར་དགའ་མགུ་ཡི་རངས་སྐྱེ་ལ། གངས་ལྗོངས་མཐའ་མཚམས་ཀྱི་ཞིང་འབྲོག་པའི་འཚོ་བ་ཡར་ངོའི་ཟླ་བཞིན་འཕེལ་བའི་སྣང་ཚུལ་རེ་རེ་རིག་དུས་སེམས་ལ་བརྗོད་མི་ཤེས་པའི་དགའ་བས་ཁེངས། 

    阿里山水风光_s.jpg

    ༄༅།།མུ་མེད་རྩྭ་ཐང་གཡུ་ཡི་གཞོང་པ་རུ། །གྱི་ལིང་རྟ་མཆོག་བང་རྩལ་རབ་ཏུ་རྫོགས།།

    (པར་འདི་གཉིས་དཔལ་མཆོག་གིས་མཁོ་འདོན་བྱས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།