[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄ ཕྱིང་གུར་སྲང་ལམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ དཔལ་མཆོག    |    སྤེལ་དུས།   2018-12-02

    ཕ་རིས་བུ་ལ་མ་འཁྲི་ན། རི་བོང་ལ་ཤོར་ཏོ་ཡོང་དོན་མེད་ཅེས་པ་ལྟར་ང་རང་ཡང་ཨ་ཕ་དམ་པ་ཁོང་ནང་བཞིན་སྐྱུར་དད་ཆེ་བས། ལྷ་སའི་གྲོང་ཁུལ་རྙིང་པའི་ཕྱིང་གུར་སྲང་ལམ་གྱི་ཆང་ཁང་ཆུང་ངུ་དེའི་ནང་དུ་ནས་ཆང་གིས་ཐེངས་གྲངས་མང་པོ་བཟི་མྱོང་། གོ་ཐོས་ལ་སྲང་ལམ་དེ་ནི་སྔ་མོའི་དུས་སུ་སོག་པོའི་དཔོན་དམག་གི་ཕྱིང་པའི་གུར་ཁང་ཕུབ་ས་ཡིན་པས་སྲང་ལམ་གྱི་མིང་ཡང་དེ་ལྟར་ཐོགས་པར་གྲགས། དེང་དུས་སྲང་ལམ་དེའི་རྒྱུད་དུ་ལྷ་ས་གྲོང་ཁྱེར་གྱི་མིང་གྲགས་ཆེ་ཤོས་ཀྱི་འཛད་སྤྲོད་ཇ་ཁང་དང་བདག་སེམས་ཀྱི་རྟ་ཁ་དབང་མེད་ཤོར་སའི་ཆང་ཁང་གཉིས་སྐྱ་སྦྲེལ་ཁྱིམ་མཚེས་སུ་གནས་པས། དོན་ངོ་མར་ཕྱིང་གུར་སྲང་ལམ་དེ་ཇ་ཆང་ལྷ་མོ་གཉིས་ཀ་འཛོམ་སའི་གནས་ཤིག་དང་ཀུན་ནས་མཚུངས།

    ང་རང་སྲང་ལམ་དེའི་རྒྱུད་དུ་རྟག་པར་གོམ་ཁ་ཤོར་བའི་རྒྱུ་མཚན་ནི་སྐྱུར་དད་ཆེ་བ་ཁོ་ན་མིན་ཞིང་། ད་དུང་ཆགས་ཅན་གྱི་སྐྱེས་བུ་རེ་ཟུང་ལྟར་ཆང་མའི་རྣམ་པར་ཁོག་རྩིས་རྒྱག་མཁན་དེ་འདྲ་ཡང་རྩ་བ་ནས་མ་ཡིན་ཏེ། སྒྱུར་བཅོས་སྒོ་འབྱེད་ཀྱི་རྣམ་པ་བཟང་པོའི་འོག་བོད་ལྗོངས་སུ་དེང་རབས་ཀྱི་ཡང་བའི་བཟོ་ལས་རིམ་བཞིན་དར་བས། བོད་ཀྱི་ནས་ཆང་ཐོན་སྐྱེད་དེ་ཕོན་འབོར་ཆེན་པོར་བཏང་ཟིན་ཀྱང་། ཕྱིང་གུར་སྲང་ལམ་གྱི་ཆང་མ་བཟའ་འཚོ་གཉིས་པོས་ཉམས་ཆུང་དམའ་ས་བཟུང་ནས་གྲོང་ཁྱེར་ནང་དུ་བོད་མིའི་རྒྱུན་སྲོལ་གྱི་ཚོང་ལས་འཚོ་ཐབས་དེའི་རྒྱུན་སྐྱོང་བཞིན་ཡོད་པ་དང་། རྒྱུན་སྲོལ་ཁྱིམ་ཚང་གི་ནས་ཆང་བསྙལ་སྟངས་དེ་ལ་རྫས་འགྱུར་གྱི་འདྲེས་ཆ་མེད་པས། མི་ལུས་ལ་སྦྱར་དུག་གི་ཉེན་ཁ་ཆུང་བ་ཁོ་ནས་ཡིན། དེ་བས་ཆང་ཁང་དེ་ནས་་ང་ལ་ཨ་ཕ་དམ་པ་དེའི་ལོ་ངོ་ལྔ་བཅུའི་གོང་གི་ཕ་ཡུལ་གཅིག་པའི་ཆང་གྲོགས་ཤིག་ཀྱང་རྙེད་ཡོད་པས་སོ།

    ལས་བྲེལ་ཆུང་བའི་ངལ་གསོའི་དུས་ཚོད་ཅིག་ལ། རང་སེམས་དར་ལྕོག་ལྟ་བུ་རང་ཚོད་མེད་པར་གཡོ་བས། ངའི་གོམ་ཁ་དེ་སླར་ཡང་ཕྱིང་གུར་སྲང་ལམ་ཕྱོགས་སུ་ཤོར་བ་དང་། དེའི་ཉིན་མོར་བློ་ཕམ་ཤོས་ནི་ཆང་ཁང་ནང་དུ་སྐུ་ལུས་ལ་རྟག་པར་བརྒྱད་ཅུ་གོས་དཀར་མནབས་པའི་ཨ་ཕའི་ཆང་གྲོགས་བགྲེས་སོང་ཁོང་མཇལ་རྒྱུ་མི་འདུག ཆང་མ་ཁོང་གིས་གསུངས་པ་ལྟར་ན། བགྲེས་སོང་ཁོང་ཟླ་ཤས་གོང་ནས་སྐུ་ལ་སྙུན་གཞིའི་རྟགས་མཚན་ཅི་ཡང་མེད་པར་གཤེགས་སོང་ཟེར། ཡ་མཚན་ཅན་གྱི་སྣང་ཚུལ་དེ་འདྲར་ནད་རིགས་བཞི་བརྒྱ་རྩ་བཞིའི་ཁོངས་སུ་མ་འདུས་པ་མེད་པའི་ལྟར་སྣང་འཕྲལ་གྱི་ནད་དང་། ཀུན་རྟགས་གདོན་གྱི་ནད། ཡོངས་གྲུབ་ཚེ་ཡི་ནད་དང་། ཚེ་རབས་ལས་ཀྱི་ནད་གང་ཞིག་གི་ཁོངས་སུ་གཏོགས་པའི་གནས་ལུགས་རྒྱུ་མཚན་ཁོ་བོས་བརྗོད་ཚོད་མ་ཐིག འོན་ཀྱང་བགྲེས་སོང་ཁོང་སྐུ་འཚོ་བཞུགས་སྐབས་སུ་བདག་ལ་གསུངས་མྱོང་བའི་ཕ་ཡུལ་གྱི་གཏམ་རྒྱུད་དང་ཕ་ཡུལ་གྱི་སྔོན་བྱུང་ལོ་རྒྱུས། དེ་བཞིན་བགྲེས་སོང་ཁོང་དང་ངའི་ཕ་དམ་པའི་ཆང་གྲོགས་ཀྱི་འདས་དོན། བགྲེས་སྲོང་ཁོང་གི་ཚེ་གང་རིང་གི་བོད་ཀྱི་ཁ་གདན་གྲུམ་ཟེའི་འཐག་ལས་ཀྱི་ལག་ཤེས་རྒྱུན་འཛིན་དང་དར་སྤེལ་ཐད་བསུབ་ཐབས་མེད་པའི་མཛད་རྗེས་བཞག་པ་སོགས་ཡིད་ལ་འཁོར་དུས། སྐུ་ཚེའི་མཇུག་མཐར་ཞལ་མདངས་ཤིན་ཏུ་སྐྱོ་བའི་བདག་རང་གི་ཨ་ཕ་དམ་པ་དེ་ཧ་ཅང་དྲན་པར་གྱུར།

    ཆང་གྲོགས་བགྲེས་སོང་དེས་བདག་ལ་བརྗོད་མྱོང་བར། མེས་པོ་ཚོས་ཁ་བརྡ་བསླབ་བྱ་གནང་ནས་ལྕགས་པོ་རི་སྨན་པ་གྲྭ་ཚང་དུ་སྨན་རྩིས་སྦྱངས་ན་གསུངས་ཀྱང་། གཅེས་ཕྲུག་བྱིས་པ་ལོ་བརྒྱད་ཁོང་གི་ཁ་ལོ་མ་འཆུན་པའི་མཐའ་མར་རྩེ་སློབ་གྲྭར་ཟླ་ཤས་རིང་ཡིག་རྩིས་སློབ་སྦྱོང་གནང་བ་ནི་ངའི་ཨ་ཕ་དམ་པ་ཁོང་གི་ཚེ་གང་རིང་བེད་སྤྱོད་གནང་རྒྱུའི་ཡོན་ཚད་དེ་རེད། བོད་རྙིང་པའི་སྐབས་ཀྱི་སྨོན་ལམ་གཏོར་རྒྱག་སྐབས་ལྷ་སའི་ལྷོ་ངོས་བྱ་སྐྱག་དཀར་པོའི་རི་ངོགས་སུ་ཕ་བོང་ཆེན་པོ་ཞིག་ཡོད་པ་དེ་ལ་སྦྲ་ནག་གཡོགས་པ་དེར་ཁ་གཏད་དེ། གནའ་སྔ་མོའི་བོད་ཀྱི་སྲིན་མོ་བགྲེས་གཞོན་གཉིས་ཞེས་པའི་མེ་སྒྱོགས་འཆོང་འབེབས་ཚད་བསྡུར་བྱས་རྗེས། ཞལ་ངོས་སྦུད་ཏི་སྤར་ཏེ་རེས་མོས་ཀྱིས་ལྡིར་སྒྲ་དང་བཅས་རྒྱག་སྲོལ་ཡོད་ཅིང་། བདག་ཚོས་ཞལ་རས་ཙམ་ཡང་མཇལ་མྱོང་མེད་པའི་སྤོ་བོ་ལགས་ཀྱི་དམག་གནས་གོ་ཐོབ་ལ་བསྟེན་ནས། ཨ་ཕ་དྲིན་ཆེན་དེ་ཕ་ཤུལ་བུ་འཛིན་གྱི་ཚུལ་དུ་དགུང་གྲངས་བཅོ་ལྔའི་སྐབས་སྦུད་ཏི་སྤར་མཁན་གྱི་ཞལ་ངོ་ཙམ་དུ་ཚུད་པ་ཐོས། ཁ་བ་གངས་ཅན་ཡུལ་དུ་ཞི་བའི་བཅིངས་འགྲོལ་བཏང་རྗེས་བགྲང་བྱ་འཁོར་མོ་བཞི་བཅུ་མ་ཟིན་ཙམ་སྦྲག་པ་གནང་མྱོང་ཞིང་། སྔོན་ཆད་རྟ་དྲེལ་དང་ཐེར་ཀ་བཏང་ནས་གཙང་ཁུལ་གྱི་ཁང་དམར་དང་གྲོ་མོ། རིན་སྤུངས་སོགས་ལ་རྒྱུན་རིང་ལས་དོན་བསྒྲུབས་པས་ཚེ་མཇུག་ཞབས་གཉིས་འབམ་གྱི་སྙུན་གཞིས་མནར་ཏེ་འཇིག་རྟེན་ཕྱི་མའི་ཡུལ་ལ་ངལ་གསོར་ཕེབས་མཁན་ནི་ངའི་ཞལ་མདོག་སྐྱོ་བའི་ཕ་རྒན་དམ་པ་དེ་རེད།

    ཨ་ཕ་དྲིན་ཆེན་དེ་ཆོས་ཉིད་བར་དོའི་ཞིང་ལ་གཤེགས་ནས་ད་བར་སེ་གོལ་ཏོག་གཅིག་ལྟར་མི་ལོ་ཉི་ཤུ་ལྷག་ཡུད་ཀྱིས་འདས་ནའང་། ཞལ་མདོག་ཤིན་ཏུ་སྐྱོ་བའི་འཚོ་བཞུགས་སྐབས་ཀྱི་བྱད་བཞིན་དེ་ཁོ་བོའི་མིག་མདུན་ནས་ཡལ་ཐབས་རྩ་བ་ནས་མི་འདུག་ལ། སྐུ་ཤ་རིད་ཅིང་ཕ་ཡུལ་གྱི་ཉི་འོད་དྲག་པོས་བསྲེགས་པའི་ཞལ་རས་ནག་པོ་ལ་སོགས་ཡིད་ལ་འཁོར་སྐབས། ཁོང་གིས་མཉེས་ཤོས་གནང་མྱོང་བའི་ཆང་རག་ལ་སྐབས་འགར་ང་རང་ཞེ་མེར་བ་དང་། ལྷག་པར་འོད་ཐིག་ཤུགས་དྲག་ཆེ་བའི་མཐོ་སྒང་གི་དྲིན་ཅན་ཉི་མར་ཡང་འཁང་ར་ཆེན་པོ་སྐྱེ་མྱོང་། སྐུ་འཚོ་མ་ཟིན་པར་རྗེས་ཤུལ་དུ་ལུས་པའི་བུ་ཕྲུག་རྣམས་ཀྱི་ཁྲོད་དུ་ང་རང་ནི་བུ་ཡི་ཆུང་ཤོས་ཡིན་ལ། ཁོང་གིས་སྔོན་ཆད་བུ་ཕྲུག་སུ་ལའང་སྲོལ་རྒྱུན་ཁྱིམ་ཚང་སློབ་གསོའི་བཅར་བརྡུངས་རྩ་བ་ནས་བྱེད་མ་མྱོང་བའི་ཐོག་ཁྱིམ་ཚང་གི་མི་རྣམས་རང་མོས་ངང་ནས་སོ་སོའི་ལས་ཀ་དང་སློབ་སྦྱོང་བྱེད་རྒྱུ་གོམས་གཤིས་འཇགས་པས། ང་རང་གི་བློ་ངོར་ཁོང་གིས་ང་ལ་སེན་ཏོག་ཙམ་གྱི་ཕྱག་འཇུག་གནང་མ་མྱོང་བའི་ཚོར་སྣང་ཡོང་གི་ཡོད། ང་རང་བྱིས་པ་ཆུང་ངུའི་དུས་སུ་རྒྱལ་རྩེའི་ཚོང་སྤྱི་ཞེས་པའི་སློབ་ཆུང་དུ་བསྐྱོད་སྐབས། རང་ཁྱིམ་ནས་སློབ་གྲྭའི་བར་གྱི་ལམ་ཐག་སྤྱི་ལེ་བརྒྱད་ཙམ་ཡོད་ཅིང་། ཨ་ཕ་དྲིན་ཆེན་དེས་ཉི་འོད་དང་ཆར་རླུང་གི་རྒོལ་རྡུང་ལ་སྣང་བ་སྣང་སངས་མེད་པར་་ཡིག་ཟམ་སྦྲགས་པའི་ལས་གོས་ལྗང་སྐྱ་དེ་རྟག་པར་སྐུ་ལུས་ལ་བཞེས་ཤིང་། གཞོགས་ངོས་གཉིས་ལ་སྒྲོ་བ་བཀལ་ས་ཡོད་པའི་རྐང་འཁོར་ལྗང་ཁུ་དེ་ཆིབས་ཏེ་སྔ་དགོང་བདག་ལ་སྐྱེལ་བསུ་བྱེད་མྱོང་། ཁོང་གི་ལས་རིགས་ཁྱད་ཆོས་དེ་ནི་ད་ཆའི་ང་རང་དང་འདྲ་བར་སྤྱི་ཚོགས་ཀྱི་མི་སྣ་མང་པོ་དང་ངོ་ཤེས་ཐུབ་པ་མ་ཟད། ཁོང་གིས་ངོ་ཤེས་མི་སྣ་ཚང་མར་གུས་བཀུར་ཆེན་པོ་གནང་བ་ལས། གཞན་ལ་རྒྱབ་བཤད་དང་མི་ལ་བཟང་ཞན་གླེང་བ། མཐོ་དམན་ཚང་མར་རྟ་ཚོང་བོང་ཚོང་ལྟ་བུའི་གོང་ཐང་སྒྲིག་པའི་སྣང་ཚུལ་ཞིག་སྤྱིར་ན་མཐོང་མ་མྱོང་། ཐེངས་ཤིག་ཁོང་དང་འབྲེལ་འདྲིས་ཆེ་བའི་ལས་ཁུངས་ཀྱི་ཨ་ཅེ་ཞིག་ལ་བཀའ་མོལ་གསུངས་ཀྱིན། རྐང་འཁོར་གྱི་རྒྱབ་ལ་བཞོན་ཡོད་པའི་ང་རང་ཨ་ཅེ་དེའི་བུ་མོའི་མག་པར་སྟེར་རྒྱུའི་ཞལ་ཤོབ་གནང་སྟབས། སློབ་ཆུང་འགྲིམ་བཞིན་པའི་ང་རང་ངོ་ཚ་ཐག་ཆོད་དེ། དུས་དེ་ནས་བཟུང་ངས་མདོག་སྐྱོ་བའི་ཕ་རྒན་གྱི་རྐང་འཁོར་ལ་མི་བཞོན་པར་ལམ་ཐག་ག་ཚོད་རིང་ཡང་གོམ་པ་སྤོས་ནས་སློབ་གྲྭར་འགྲོ་ཡི་ཡོད།

    ཡང་ཉིན་ཞིག་ངས་སྦྱོང་ཚན་བྲིས་མེད་པས་རྒན་ལགས་ཀྱིས་ས་མ་རུབ་བར་དུ་སློབ་ཁང་ནང་བཅུག་ནས་ཉེས་ཆད་ཚུལ་དུ་གཅིག་པུར་བཞག་སྟབས། རང་ཁྱིམ་ལ་ལོག་པའི་མུན་ནག་གི་ཁྲོད་ཨིའི་ཀྲོག་ཀྲོག་དང་། ཁྱི་གུ་སིག་སིག བོང་བུའི་ཨམ་ཅོག་ལ་སོགས་ཕ་ཡུལ་གྱི་གདོན་འདྲེའི་གཏམ་རྒྱུད་དེ་ཚོ་དྲན་ཏེ་ང་ལ་སྐྲག་སྣང་ཚད་མེད་སྐྱེ་བའི་དུས། ངའི་རྒྱབ་ཕྱོགས་ནས་རྟག་ཏུ་ཕ་རྒན་གྱི་རྐང་འཁོར་གྱི་ཙིར་སྒྲ་ཞིག་ཐོས་རྒྱུ་ཡོད། ང་རང་ཁོང་གི་བུ་ཆུང་ཤོས་ཡིན་པས་གཅེས་སེམས་དང་བྱམས་བརྩེ་གཞན་ལས་ལྷག་པ་ཞིག་གིས་བསྐྱངས་བྱུང་།

    བདག་གིས་ཆེད་ལས་འབྲིང་རིམ་སློབ་གྲྭར་སྨན་གཞུང་སྦྱོང་སྐབས། ཨ་ཕ་དྲིན་ཆེན་ཁོང་ལས་འཁྱུར་རྒན་ཡོལ་ཞུས་ཟིན་པ་དང་རྐང་འབམ་གྱི་སྙུན་གཞི་ཡང་ ཇེ་ལོད་དུ་གྱུར་མོད། ཆེད་མངགས་ལྷ་སར་ཕེབས་ཏེ་ང་ལ་མཁོ་བའི་ལག་དངུལ་དང་ཕྱི་རྒྱལ་ནས་ཐོན་པའི་སེ་ཁོབ་རྟགས་ཅན་གྱི་ལག་འདོགས་ཆུ་ཚོད་རྔན་པར་གནང་། ལྷ་སར་ཉིན་ཤས་ཞུགས་རིང་ས་ཆུ་དང་བཞེས་ཆས་གང་ཞིག་མ་འཕྲོད་པ་ཅི་སྟེ། རྟག་པར་གློ་ལུ་བ་དང་སྐྱུག་ལྡང་ཡང་སེ་གནང་བས་ང་རང་ཁྲོམ་གཞུང་ཉེ་འཁོར་གྱི་མི་ལ་ངོ་ཚ་ནས་གཡོལ་ཐབས་བྱེད་པ་ཁོང་གིས་མཁྱེན་རྗེས་སེམས་རྩ་འཁོལ་པོས་ན་ཚ་འདི་འདྲ་བ་ཕ་ཡུལ་དུ་ལོག་ན་དྲགས་ཀྱི་རེད་ཅེས་གསུངས་པ་ལས་ང་ལ་ཕ་བུའི་བཙན་པོ་དབང་ཡོད་ཀྱི་བཀའ་སྐྱོན་གནང་རྩིས་ཡེ་ནས་མི་འདུག

    དེ་ལྟར་ཨ་ཕས་མི་ལོ་མང་པོའི་རིང་ལས་ཁུངས་ཀྱི་བྱ་གཞག་ཁག་འཐུས་ཤོར་མེད་པར་ལེགས་སྒྲུབ་བྱས་པས་མ་ཚད། རྒྱལ་ཁབ་ལས་བྱེད་ཀྱི་སྤམ་བཟོ་དང་འཁྲུས་འདར་ཁོ་ནར་གཡེངས་ཏེ་ཞིང་ཁུལ་ན་འཚོ་བ་སྐྱེལ་བའི་བཟའ་མི་བུ་ཕྲུག་རྣམས་ལྟོགས་པར་དུས་གཅིག་དང་གོས་མ་དྲོད་པར་ཉིན་གཅིག་ཀྱང་རྩ་བ་ནས་བཞག་མྱོང་མེད་ཨང་།

    གཞན་དབང་སྔོན་ལས་དང་ཀུན་རྟགས་གདོན་ནད་ཀྱི་དབང་གིས། ཁོང་གི་སྙུན་གཞི་ཚབས་ཇེ་ཆེར་སོང་བ་དང་། བདག་གིས་ཁོང་ལ་སྙུན་གཡོག་རྒྱུག་རིང་ཆབ་གསང་གནང་སར་ང་ལ་རྩ་བ་ནས་སྐྱོར་དུ་མི་བཅུག་ཅིང་། དགྱེ་གུག་དཀའ་བའི་ཞབས་གཉིས་དྲུད་དེ་གཅིག་པུར་ཕེབས་ཀྱི་རེད། དྲག་སྐྱེད་མངོན་གསལ་མེད་པར་ཟླ་ཤས་རིང་ཁོང་གཞིས་རྩེའི་སྨན་ཁང་ནས་རང་ཁྱིམ་དུ་ལོག་ཅིང་། ཉིན་ཞིག་མང་ཡུལ་གུང་ཐང་དུ་གཞུང་ལས་སྒྲུབ་བཞིན་པའི་ང་ལ་ཞག་ཚིས་འཚོས་པའི་འགྱིག་ཤོག་ཐུམ་སྒྲིལ་གཅིག་འབྱོར་བ་ཁ་ཕྱེ་ནས་བལྟ་སྐབས། དེའི་ནང་དུ་འབུ་རས་ལས་བཙེམ་པའི་འོག་འཇུག་གཅིག་འདུག་པ་དེ་ནི་ཁོང་གི་སྐུ་ཚེའི་མཐའ་མཇུག་ཏུ་བཞེས་མྱོང་བའི་གཟབ་མཆོར་དེ་ཡིན་ལ། ཕ་ཡིས་བུ་ལ་བཞག་པའི་མཐའ་མཇུག་གི་རྔན་པའམ་དྲན་རྟེན་ཡིན་པ་རྗེས་སུ་རྟོགས།

    ཉིན་ཞིག་ལ་འཇིག་རྟེན་འདིའི་ཐོག་སྐྱེ་བོ་སུ་འདྲ་ཞིག་གིས་ཀྱང་ལྟ་འདོད་དང་ཀློག་འདོད་མེད་པའི་གློག་འཕྲིན་ཞིག་ང་ལ་འབྱོར་ཞིང་། ཁོ་བོས་གུང་ཐང་གི་ལ་མོ་དང་། པད་ཁུད་ཀྱི་མཚོ་མོ། སྤོ་རོང་གི་ཐང་ཆེན། གཉའ་ལམ་གྱི་ཐོང་ལའི་ལ་གཤམ་བརྒྱུད་ལེ་དབར་ལྔ་བརྒྱ་ཡིས་ཆོད་པའི་རང་ཁྱིམ་དུ་འབྱོར་སྐབས། སྟོང་སང་སང་གི་ཁང་པའི་ནང་བཞིན་རས་མིག་ཆུ་དང་དྲེག་པས་འཚོས་པའི་ཨ་མ་དང་གཅུང་མོ་སོགས་ཀྱི་ངུ་ཤར་ལས་ཅི་ཡང་ལྷག་མི་འདུག

    ཕ་ཡོད་དུས་བུ་མེད། བུ་ཡོད་དུས་ཕ་མེད། གཉིས་ཀ་འཛོམ་ན་སྙིང་པོ་མེད་ཅེས་པའི་རྗེ་བཙུན་མི་ལའི་རྣམ་མགུར་གྱི་སྐྱོ་ཉམས་དེ་མུར་བདག་གི་ཡིད་ལ་ཤར། ཉིན་དེའི་སྔ་དྲོར་ངའི་མདོག་སྐྱོ་བའི་ཕ་རྒན་ཁོང་ཕ་ཡུལ་གྱི་རྫ་བོ་ཞེས་པའི་ལ་རྩེ་དེ་ནས་ཆོས་ཉིད་བར་དོའི་ཞིང་ཁམས་སུ་འཕུར་ཕྱིན་པ་རེད། ཉིན་དེ་ནས་བཟུང་ཕ་ཡུལ་གྱི་ཡིག་ཟམ་བྱ་གཞག་ལ་མི་ལོ་བཞི་བཅུ་ཙམ་ལེགས་སྐྱེས་འབུལ་མཁན་གྱི་ཉམ་ཆུང་སྐྱེས་བུ་ཞིག་ཉུང་དུ་སོང་བ་དང་། ཉིན་དེ་ནས་བཟུང་མདོག་སྐྱོ་ཡང་བརྩེ་སེམས་བཅུད་ཀྱིས་སྣུམ་པའི་ངའི་སེམས་གཏིང་གི་མེ་ཏོག་དེ་སད་ཀྱིས་བཅོམས། ཁོང་གཤེགས་རྗེས་ཀྱི་རྩིས་ཐོའི་ནང་ཐུགས་སེམས་བུ་ལ་ཆགས་ཞེས་འཁོད་པ་དེ་ངའི་དྲན་པའི་ཡོལ་བའི་ངོས་ནས་ནམ་ཡང་བརྗེད་ཐབས་མེད་ཅིང་། ངའི་བསམ་པར་གལ་སྲིད་ང་ཚོའི་བསོད་ནམས་ཅན་གྱི་ཕ་མ་མཉམ་འཛོམས་ཀྱི་བུ་ཕྲུག་ཚོས་དེང་སྐབས་རང་ཤེད་ཁོ་ནའི་གཤིས་རྒྱུད་དེ་ཚོ་དོར་ཏེ། ཕ་མའི་དགོངས་པ་རྒྱ་མཚོ་ལས་ཟབ་པ་དེ་སྔ་ཙམ་རྟོགས་ན་གནོང་འགྱོད་མེད་པའི་བསྙེན་བཀུར་ཞིག་ཞུ་ངེས་ལགས་ཨང་།

    ད་ཆའི་ཉི་མ་དགོང་ཕྱེད་ཀྱི་དུས་སུ། ཕྱིང་གུར་སྲང་ལམ་གྱི་ཆང་ཁང་ཆུང་ངུའི་ནང་དུ་རྒྱུས་ཡོད་ཅན་གྱི་ཕྱོགས་མི་དང་གྲོང་ཁྱེར་ནང་གི་གླ་པ་འགའ་ཞིག་ཕུད། ན་གཞོན་ཕལ་ཆེར་སྦི་རག་ལ་ལོངས་སྤྱོད་གནང་བ་དང་། ཆང་ཁང་དེའི་ནང་སྔོན་ཆད་ང་ལ་མཇལ་མྱོང་བའི་ལྷ་སའི་ཉེ་རབས་ལོ་རྒྱུས་ཀྱི་དཔང་པོ་སྟེ་དགོན་སྡེའི་གྲྭ་ལོག་བགྲེས་སོང་། ལྷ་མོའི་རྣམ་ཐར་མཁས་པ་སོགས་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་རྒན་རབས་ཁོང་ཚོ་མཇལ་རྒྱུ་མི་འདུག ཡིན་ནའང་ཆང་ཁང་རྙིང་པ་དེ་ལ་སུ་གང་གི་ངོས་འཛིན་གསར་པ་ཞིག་མ་ཐུབ་པའི་གནད་དོན་ནི། ཆང་ཁང་དེ་ལྷ་ས་གྲོང་ཁྱེར་ཁོངས་སུ་ཨ་གསར་ཚོང་ལས་མི་གཉེར་བའི་སྲོལ་རྒྱུན་ལས་རིགས་རྙིང་པར་ཤ་ཞེན་ཆེ་ཤོས་དང་། དེང་རབས་ནས་ཆང་བཟོ་གྲྭས་ཀྱང་ཧང་སངས་དགོས་པའི་གནས་ཚུལ་ནི། ཆང་མས་ཉིན་མ་རེར་རྫས་འགྱུར་སྦྱར་དུག་མེད་པའི་ནས་ཆང་སོས་པ་ཆང་ཚོད་ཉི་ཤུ་ལྷག་ཉིན་ཕྱེད་ནང་དུ་བཙོངས་ཟིན་གྱི་ཡོད་ཅིང་། ལྷ་སའི་ཆང་ཚོད་རེར་ནས་འབྲུ་རྒྱ་མ་ཉི་ཤུ་རྩ་བརྒྱད་ལ་རྩིས་ན། ཆང་ཁང་ཆུང་ངུ་དེས་ཉིན་རེར་འབྲུ་རྒྱ་མ་ལྔ་བརྒྱ་ལྷག་གི་སྐུ་ཕོག་མེད་པའི་ནས་ཆང་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་། ཆང་ཁང་གི་སྦྱིན་བདག་སྐྱེས་པ་ཁོང་ནི་བལ་སྤུའི་འཐག་ལས་ལ་ཤིན་ཏུ་འཇོན་པས། ལྷ་ས་གྲོང་ཁྱེར་ཁོངས་སུ་དགེ་འདུན་པའི་སྤུས་ལེགས་ནམ་བཟའ་ཟླ་གམ་བཟོ་མཁན་རྩེ་གྲ་ཞིག་ཡིན་པ། ཆང་མ་བཟའ་འཚོ་ཁོང་ཚོ་ནི་གྲོང་ཁྱེར་འདིའི་ནང་སྤྱིར་ན་ཆེས་མཇུག་མཐའི་སྲོལ་རྒྱུན་ཆང་ལས་པ་དང་མི་རིགས་ལག་ཤེས་རྒྱུན་འཛིན་པར་གྱུར་ཡོད་དོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།