[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • འགྱོད་བཤགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   (ཧུད་རིགས)ལི་ཅིན་ཞང་གིས་བརྩམས། ནོར་དཀྱིལ་བུ་ཆུང་རྒྱལ་གྱིས་བསྒྱུར།    |    སྤེལ་དུས།   2018-11-27

    (གཟའ་འཁོར་གོང་མའི་འཕྲོ)

    མཱ་ཡ་སེར་འགྲམ་གྱི་སྒྲོག་ཙེ་གྲུ་བཞི་དེ་ཕུད། ཁང་པའི་ནང་དུ་ཁྱིམ་ཆས་གཞན་མེད། སྒྲོག་རྩེ་དེ་རྒྱ་ལྕང་སྦོམ་པོར་བཟོས་པ་ཞིག་ཡིན་ཅིང་། བཀྲག་རྩི་བྱུགས་མེད་མོད། འཕྱིས་ནས་འཇམ་ཤ་དོད་ལ་གཙང་། སྒྲོ་རྩེའི་སྟེང་གི་གྱང་ལྡེབས་སུ་ཨ་རབ་ཡི་གེའི་གཞུང་འགེལ་སྦྱར་ཡིག་ཆ་གཅིག་བཀལ་ཡོད་དེ་གཉིས་ཀྱང་འཚེམ་དྲུབ་མ་ཡིན་ཅིང་། དེ་ནི་རྩིང་རས་དཀར་པོར་སྐུད་པ་ནག་པོའི་ཡི་གེས་ཕར་ཆིན་བརྒྱབ་པ་ཞིག་རེད། མཱ་ལ་སེར་གྱིས《ཀོ་རན་ཆོས་དཔེ》ཀློག་མྱོང་ཡོད་པས། ཨ་རབ་ཀྱི་ཡི་གེ་ཤེས་གཤིས། དེ་ནི“དབྱི་སི་ལན་གྱི་ལེགས་བཤད”ཡིན་པ་ཤེས། མི་ཚང་འདི་མ་གཞི་ཕྱི་དངོས་པོའི་ཆ་རྐྱེན་དབུལ་ན་ཡང་། ནང་སེམས་པའི་དད་མོས་ཆེ་བར་གདའ།

    ལོ་བཞི་ལྔ་ཙམ་ལ་སོན་པའི་བུ་མོ་ཞིག་ནང་དུ་འཛུལ་ཡོང་། སྒོ་འཛུལ་འཕྲལ་སྔོན་ལ“ས་ལམ”(ཨ་རབ་ཀྱི་སྐད། གུས་ལུགས་མཚོན་པའམ་ཁམས་བདེ་འདྲི་བའི་དོན)ཞུས་མོད། འོན་ཀྱང་མཱ་ཡ་སེར་གྱི་བྱད་བཞིན་གྱིས་སྐྲག་སྟེ། སྐད་ཆ་ཤོད་མ་ཕོད་ཅིང་། མཱ་ཡ་སེར་ལ་ལྟ་ཙམ་བྱས་ནས་མྱུར་དུ་ཕྱི་ལ་བྲོས་ཏེ་སོང་།

    སྒོ་རའི་ནང་གི་ཁྱི་ནག་ཆེན་པོ་དེ་སླར་ཡང་ཕྱིར་དོན་སོང་། ད་ཐེངས་དེས་མཇུག་མ་ཡུག་ཡུག་ཏུ་དལ་བུར་བརྒྱུགས་ཤིང་། མགྲིན་ནས་ངུ་ངག་སེའུ་སེའུ་དུ་འདོན་པ་དེར་བལྟས་ན། བདག་པོ་བསུ་བར་ཕྱིན་པ་གསལ་པོ་རེད། ངོ་མ་ཡུན་རིང་མ་སོང་བར། རྒྱལ་སྒོ་ནས་སྔ་རྗེས་སུ་མི་གཉིས་ཁལ་མ་རེ་ཁྲིད་ནས་འཛུལ་ཡོང་། ཁལ་མ་དེ་གཉིས་ལས་གཅིག་དྲེལ་དང་། ཅིག་ཤོས་བོང་གུ་ཡིན་ཅིང་། གཉིས་ཀར་གྲོའི་ཚན་མ(སྙེ་མ་དང་བཅས་པའི་སོག་མའི་ཕུང་པོའམ་ཆག་པ)བཀལ་ཡོད། ཁལ་མའི་ཕྱིས་བཞིན་ཁྱི་ནག་ཆེན་པོ་དེ་འཛུལ་བྱུང་བ་དང་། དགའ་མདོག་ཅིག་མཆིས། མི་དེ་གཉིས་ལས་གཅིག་ལོ་བཞི་བཅུའི་གཡས་གཡོན་ལ་སོན་པའི་སྐྱེས་པ་སྟོབས་ཆེན་ཞིག་ཡིན་ཅིང་། ཅིག་ཤོས་ནི་ལོ་བཅུ་གཅིག་བཅུ་གཉིས་ལ་སོན་པའི་ཕོ་གསར་ཞིག་རེད། སྒོ་རའི་དཀྱིལ་དུ་སླེབ་སྐབས། སྐྱེས་པ་དེས་སྔོན་ལ་རང་ཉིད་ཀྱིས་ཁྲིད་པའི་དྲེལ་ལ་བཀལ་བའི་གྲོའི་ཚན་མ་ཕབ་ཅིང་། དེ་ནས་ཕོ་གསར་དེས་ཁྲིད་པའི་བོང་གུར་བཀལ་བའི་ཚན་མ་འབེབས་པར་བསྐྱོད་སོང་བས། ཁྱིམ་འདིའི་སྐྱེས་པ་དང་བུ་ཡིན་པ་གསལ་པོ་རེད། དེ་མཚམས་ཁང་པའི་ནང་གི་མ་སྨད་གཉིས་མར་དོན་ཞིང་། ཅི་ཞིག་བཤད་མིན་མི་ཤེས། སྐྱེས་པ་དེས་མཱ་ཡ་སེར་སྡོད་སའི་ཁང་པའི་ཕྱོགས་སུ་ལྟ་ཙམ་བྱས། ལྟ་ཙམ་བྱས་པ་དེས། མཱ་ཡ་སེར་གྱིས་གློ་བུར་དུ་ཁོ་པ་སོ་ལྷ་ཞི་ཡིན་པ་མཐོང་། ད་གིན་སྒོ་རའི་ནང་དུ་འཛུལ་ཡོང་སྐབས། ཁོ་པས་གཟུགས་བྱད་འདྲ་པོ་ཡོད་པ་མཐོང་ཞིང་། ད་ཐེངས་ངོ་གདོང་མཐོང་གཤིས། མཱ་ཡ་སེར་གྱིས་ཁོ་པ་སོ་ལྷ་ཞི་ཡིན་པ་གཏན་འཁེལ་བྱ་ཆོག ཁོ་པར་གློ་བུར་དུ་རྗོད་མི་ཤེས་པའི་སྤྲོ་ངར་ཞིག་འཕེལ་ཡོང་། མཱ་ཡ་སེར་ཁང་པའི་ནང་དུ་ཡོད་པའི་རྐྱེན་གྱིས། མཐོང་སར་མེད་པས། སོ་ལྷ་ཞིས་མཱ་ཡ་སེར་ཡིན་པ་ངོ་མ་ཤེས། ཁོ་པས་སླར་ཡང་བོང་གུར་བཀལ་བའི་ཚན་མ་ཕབ་རྗེས། ཁལ་མ་གཉིས་ཀྱི་མཐུར་ཐག་ཕོ་གསར་དེར་སྤྲད་ནས་བྲེས་ལ་འདོགས་པར་བཏང་། དེ་ནས་ཡང་བུ་མོས་བཤུགས་པའི་དམ་བི་དང་ཨ་ཅོར་བླངས་ཏེ་ངོ་གདོང་བཀྲུས། ཁོ་པ་ཡང་རྒས་འདུག འོན་ཀྱང་སྨ་ར་སྔར་བཞིན་མཐུག ཁོ་པས་ངོ་གདོང་དལ་གྱིས་བཀྲུས་པས། ཐ་ན་སྨ་རའི་སྟེང་གི་ཐལ་རྡུལ་ཡང་གཙང་མར་དག སོ་ལྷ་ཞིའི་བག་ཕེབས་དེ་འདྲ་མཱ་ཡ་སེར་གྱིས་མཐོང་མྱོང་ཡོད། དམག་མ་བརྒྱབ་གོང་གི་གྲི་རྡོར་ཐེངས་ཚང་མར། ཁོ་པ་སྤྲོ་བ་རྒྱས་ལོས་དང་སེམས་ཁྲལ་ཆེ་ཆུང་ཙམ་མ་གཏོགས། འདི་འདྲ་རང་རེད། སོ་ལྷ་ཞིས་ལེགས་པར་བཀྲུས་ཤིང་གཙང་མར་འཕྱིས་རྗེས། ཁང་པའི་ཕྱོགས་སུ་ཡོང་། ཁོ་པའི་སྒལ་པ་ཅུང་ཟད་གུག་ཡོད་ན་ཡང་། གོམ་སྟབས་སྔར་བཞིན་བརྟན་ལ་ཤུགས་དང་ལྡན་ཞིང་། ཁོ་པའི་ཤུགས་དྲག་ལྡན་པའི་རྡོག་པས་མཱ་ཡ་སེར་གྱི་དབང་རྩ་བརྫིས་ཏེ། མཱ་ཡ་སེར་རེ་ཞིག་ག་བྱེད་འདི་བྱེད་མེད་པར་གྱུར། སོ་ལྷ་ཞི་སྒོ་ཁར་སླེབ་སྐབས། མཱ་ཡ་སེར་རང་དབང་མེད་པར་ཡར་ལངས།

    སོ་ལྷ་ཞི་སྒོར་འཛུལ་ནས་མཱ་ཡ་སེར་ལ“ས་ལམ”ཞུས་རྗེས། ད་གཟོད་གཞི་ནས་མཱ་ཡ་སེར་ཡིན་པ་ངོ་ཤེས་ནས། གློ་བུར་དུ་ཁོ་པའང་ཧང་སངས་ཤིང་། གདོང་གི་རྣམ་འགྱུར་ཧ་ཅང་རྙོག་འཛིང་ཆེ་སྟེ། འདྲོགས་ཀྱང་འདྲོགས་ལ་དགའ་ཡང་དགའ། དོགས་ཀྱང་དོགས་ལ་འཇིགས་ཀྱང་འཇིགས། མཱ་ཡ་སེར་གྱིས་ལྟ་བཞིན། རང་ཉིད་ཀྱི་ངོ་ཡང་གཏན་གཏན་རྣམ་འགྱུར་དེ་འདྲ་ཡིན་ཅིང་། གདོང་ཡང་གཏན་གཏན་རྙོག་འཛིང་ཆེ་བའི་རྣམ་འགྱུར་དེ་དག་གིས་འཁྱོག་པའི་སྣང་བ་བྱུང་།

    མི་གཉིས་གཅིག་གིས་གཅིག་ལ་ལྟ་བཞིན། སོ་ལྷ་ཞིའི་བུད་མེད་ཀྱིས་བྱ་ཤ་ཐ་སྤག་གང་མ་བསྐྱལ་བར་དུ། གཉིས་ཀས་སྔོན་ལ་ཅི་ཤོད་མ་ཤེས། བུད་མེད་ཀྱིས་ངང་ཚུལ་འདི་མཐོང་རྗེས་ཡ་མཚན་ཕྲན་བུ་སྐྱེས་ནས། དྲི་བའི་ཚུལ་གྱིས་སྐྱེས་པར་བལྟས། སོ་ལྷ་ཞི་ད་གཟོད་རྨོངས་གཉིད་ལས་ཧར་གྱིས་སད་པ་ལྟར། བྲེལ་འཚུབ་ངང་བུད་མེད་ལ། “སུ་བསླེབས་པ་ཁྱེད་ཀྱི་བསམ་ཡུལ་ལས་འདས་པ་རེད། མགྱོགས་པོ་མ་ཟ་ཤོམས་ཤོག མགྱོགས་པོ་བུ་ཕྲུག་ཚོ་ཚང་མ་འཚོལ་ཤོག ཁོང་རེད། ཨ་ཁུ་མཱ་ཡ་སེར་བསླེབས་བྱུང་། མགྱོགས་པོ་རྒྱུགས། ད་དུང་ཅི་བསྒུགས་ནས་བསྡད་ཡོད། མགྱོགས་པོ་རྒྱུགས་བྱས”ཞེས་བཤད།

    བུད་མེད་ཀྱིས་ཐ་སྤག་མར་བཞག་ནས་མཱ་ཡ་སེར་ལ་འཚམས་འདྲི་ཞུ་བར་འདོད་ཀྱང་། སོ་ལྷ་ཞིས་འདེད་ཤར་བཏང་བས། མཱ་ཡ་སེར་ལ་ལྟ་ཙམ་བྱས་ནས་ཕྱིར་དོན། འཁྱུག་ཙམ་ནས་བུ་དང་བུ་མོ་ཁྲིད་ནས་འཛུལ་ཡོང་། སོ་ལྷ་ཞིས་སྤྲོ་ངར་ཆེན་པོས། “གཡུ་བསོད་བུ། མགྱོགས་པོ་ཨ་ཁུ་ལགས་ཐུག་པར་ཤོག ཨ་སྨིན། ཨ་ཁུ་ཐུག་པར་ཤོག”ཅེས་བཤད། གཡུ་བསོད་བུའི་མགྲིན་པ་འཚར་བཞིན་ཡོད་པས། སྐད་སྦོམ་ཤིག་ཤིག་ངང་ཨ་ཁུ་ལགས་ཞེས་བརྗོད་ཅིང་། ཨ་སྨིན་མགོ་བོ་འདེགས་མ་ཕོད་པར། སྦྲང་བུ་ཇི་བཞིན་ཨ་ཁུ་ལགས་ཞེས་བརྗོད། མཱ་ཡ་སེར་གྱིས་ཡ་ལན་སྤྲད་ནས་སྣང་མེད་དུ་ཚིག་འགའ་བཤད་མོད། འོན་ཀྱང་ཁོ་པ་སྣང་མེད་ལིང་སྐྱུར་ལ་གོམས་ཏེ། བུ་ཚར་ཡང་ཤ་ཚ་ཇི་ལྟར་བྱ་དགོས་མིན་མི་ཤེས།

    ཕྲུ་གུས་གཉིས་པོས་འཚམས་འདྲི་ཞུས་རྗེས་ཕྱིན་དོན་པ་དང་། བུད་མེད་ཀྱིས་ཀྱང་ཟས་ཚ་ཐོག་ལ་བཟའ་དགོས་པའི་ཚིག་འགའ་བཤད་རྗེས་མར་དོན། ཁྱིམ་དུ་མགྲོན་པོ་ཡོང་སྐབས། བུད་མེད་དང་བྱིས་པས་མགྲོན་པོར་དབུ་སྐོར་ཞུ་མི་འོས་པ་ཡང་། འདིའི་རྒྱུད་ཀྱི་ལུགས་སྲོལ་འདི་འདྲ་རེད། སོ་ལྷ་ཞིས། “གཡའ། ཟ་མ་ཟོ་དང་། ད་ལོའི་གྲོ་དང་པོ་རེད། ཁ་ཉིན་དབོར་བ་ཡིན། ཁྱེད་རང་གི་ནུ་བོའི་བཟའ་ཟླ་ཚ་གི་ཚི་གི་རེད། ཉི་མའི་དགུང་ལ་ཁ་ཤས་བཀོག་པ་མ་ཟད། མཚན་མོ་དེ་རང་ལ་རང་འཐག་བཏགས་ནས། དེ་རིང་བཟོས་ཏེ་ང་ཚོར་སོས་པའི་དྲོ་བ་ལྟ་རུ་འཇུག་གོ་ཟེར། གྲོ་གསར་གྱི་དྲོ་བ་ཞིམ་པོ་འདུག ཁྱེད་རང་གིས་དྲོ་བ་ལྟོས་དང་། ཞིམ་པོ་འདུག་མི་འདུག་ལྟོས་དང་། གཡའ། ཚལ་རྒྱོབས་དང་། ཀེའུ་ཡང་ང་ཚོ་རང་གིས་བཏབ་པ་རེད། དྲོ་བ་ཞིམ་པོ་འདུག ད་དུང་ཚྭ་ཐུག་ཡོད། ཁྱེད་རང་ཚྭ་ཁུ་ལ་དགའ་པོ་ཡོད་པ་ངས་ཤས་ཀྱི་ཡོད། མང་ཙམ་རྒྱོབས། ཟོ་དང་། ཚ་ཐོག་ལ་ཟོ……” སོ་ལྷ་ཞིའི་སྐད་ཆ་མང་ཞིང་། སྤྲོ་ངར་ཆེ་མདོག་རང་ཞིག་འདུག་པ་ཧ་ལམ་དངོས་གནས་ཁྱིམ་དུ་ལོ་མང་མ་ཕྲད་པའི་ཕུ་བོ་བསླེབས་པ་ལྟར་རེད། མཱ་ཡ་སེར་གྱིས་སོ་ལྷ་ཞི་འཕྲད་སྐབས་ཐོག་མར་བཤད་རྒྱུའི་གཏམ་ལ་ལོ་བཅུ་གྲངས་རིང་བསམ་བློ་ཐེངས་ཁྲི་སྟོང་མང་པོ་བཏང་བ་ཡིན་མོད། ཡིན་ཀྱང་ད་ལྟ་ཇི་ལྟར་བྱས་ཀྱང་ཁ་ནས་མ་དོན།

    སོ་ལྷ་ཞིས་ཞིམ་མདོག་ཁ་པོས་ཧ་ཅང་མང་པོ་བཟས་ཤིང་། མཱ་ཡ་སེར་ལ་ཡང་ཧ་ཅང་མང་པོ་ཟ་རུ་བཅུག བུད་མེད་ཀྱིས་ཟ་མ་ཐེངས་འགའ་བསྣན་ཅིང་། སྐྱེས་པའི་མཐོང་དཀའ་བའི་དགའ་ཚོར་མཐོང་སྐབས། གོམ་སྟབས་ཀྱང་ཇེ་ཡང་དུ་སོང་། ཕོར་པ་དང་ཟ་ཐུར་བསྡུ་གསོག་རྒྱག་པའི་དུས་ལ་སླེབ་སྐབས། མཱ་ཡ་སེར་གྱི་མདུན་དུ་སྙིང་ཉེའི་མཛའ་བརྩེ་དང་དགའ་སྣང་གིས་ཡོངས་སུ་ཁེངས་གཤིས། མཱ་ཡ་སེར་གྱི་སེམས་ལ་གཡོ་འགུལ་ཐེབས།

    སོ་ལྷ་ཞིས་ཉི་མའི་གྲིབ་མར་ལྟ་ཙམ་བྱས་ནས། འདྲོགས་སྐད་གཅིག་བརྒྱབ་སྟེ། “དེ་རིང་ཕྱི་དྲགས་པ་འདུག གདུགས་ཕྱག་ཕྱི་དྲགས་པ་འདུག”ཅེས་བཤད། ཁོ་པས་བྲེལ་འཚུབ་ངང་ཆུ་དམ་བི་གང་བླུགས་ནས། སྔོན་ལ་མཱ་ཡ་སེར་འཁྲུད་བྱེད་དུ་བཅུག་པ་དང་། དེ་ནས་རང་ཉིད་ཀྱང་བཀྲུས་རྗེས། མི་གཉིས་མཉམ་དུ་གདན་ཁྲིའི་སྟེང་དུ་ཁ་ནུབ་ལ་ཕྱོགས་ནས་པུས་མོ་བཙུགས་ཏེ། ཉིན་དགུང་གི་ཕྱག་འཚལ་ཞུས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།