[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • རླབས་ཆེན་མེས་རྒྱལ་ངོ་སོ་དགུང་ལ་བསྟོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   སྣང་གསལ།    |    སྤེལ་དུས།   2018-09-30

    དབང་ཕྱོགས་ཙི་ནའི་ཡུལ་ཁམས་ཀྱི། །

    པེ་ཅིང་གྲོང་གི་ལྟེ་བ་རུ། །

    ཀྲུང་ཧྭའི་སྤྱི་མཐུན་རྒྱལ་ཁབ་ཆེ། །

    དབུ་བརྙེས་གཏམ་བཟང་མཐའ་གྲུར་ཁྱབ། །

    འཕྲིན་བཟང་དེ་ཡི་སྙན་པའི་གྲགས། །

    བསེར་བུའི་ཤུགས་ཀྱིས་སྐུལ་བ་ལྟར། །

    འཛམ་གླིང་སྐྱེ་འགྲོའི་ངག་སྒོ་ནས། །

    སྨོན་པའི་ཚིག་འབྲུ་རྒྱུན་མར་གྲགས། །

    བཅུ་གྲངས་ལོ་ཡི་ཉག་མའི་ནང་། །

    ཡངས་པའི་ཞིང་ས་གཤིན་པོ་དག། །

    བསྟུད་མར་འབྲས་བཟང་ཕྱུག་པའི་གཏམ། །

    ལོ་ལེགས་གཏམ་བཟང་བརྗོད་མི་ཚར། །

    གྲངས་མེད་འཁོར་ལོ་ཆེ་ཆུང་ལས། །

    ངོ་མཚར་འཕྲུལ་གྱི་ཐབས་རྩལ་ངོམས། །

    འཛམ་གླིང་བཟོ་ལས་ལོ་རྒྱུས་ཐོག །

    སྔོན་མེད་ཟིན་ཐོ་ཡང་ཡང་བཀོད། །

    མཁའ་ལམ་གཞུང་ལམ་ཆུ་ལམ་སོགས། །

    གང་ལ་གང་འདོད་སྐྱེལ་འདྲེན་གྱི། །

    ཡོ་བྱད་ཚར་དུ་དངར་བ་ཡིས། །

    སྨོན་པའི་ཡུལ་དུ་དེ་མར་འབྱོར། །

    ཕྱུག་འགྱུར་རང་དབང་མཛད་བཟང་གིས། །

    གྲངས་མེད་སྐྱེ་བོའི་གསོན་ཤུགས་རྒྱས། །

    ཁྲོམ་རའི་འགྲན་རྩོད་དྲག་པོའི་ཁྲོད། །

    འབྱོར་བདག་ཆེན་པོའི་མགོ་འཕང་རྙེད། །

    སློབ་གསོའི་བྱ་གཞག་མྱུར་འཕེལ་གྱི། །

    ཤེས་རིག་འོད་སྣང་གང་སར་འཕྲོས། །

    རྒྱལ་དམངས་བྱང་ཚད་ཡར་འཕེལ་གྱིས། །

    སྔོན་ཐོན་མི་རིགས་ཤུལ་ལམ་བསྙེགས། །

    འཕྲོད་སྦྱོར་འདུ་འགོད་སྣེ་མང་ལས། །

    དམངས་ཀྱི་ཚེ་སྲོག་ཡུན་དུ་བསྲིངས། །

    བྱི་རིམས་ལ་སོགས་ནད་ཡམས་རིགས། །

    སྔར་སོང་འདས་པའི་གཏམ་དུ་ཟད། །

    ཚན་རྩལ་འབྲས་བཟང་གཡུར་ཟ་བ། །

    སྣ་མང་བྱ་གཞག་འཕེལ་བའི་གསོས། །

    ཟླ་བ་སྐར་མའི་གོ་ལ་སོགས། །

    རྐང་གཉིས་མི་ཡི་སྤྱོད་ཡུལ་གྱུར། །

    ལྔ་ཚན་མང་པོའི་འཆར་འགོད་ལས། །

    རྒྱལ་དམངས་དཔལ་གྱི་འབྱོར་བ་རྒྱས། །

    མེས་རྒྱལ་གོང་འོག་མངའ་ཐང་གི།

    སྟོབས་ཀྱི་ཁོ་ལག་རྫོགས་པར་བྱས། །

    ཡུན་ཐུང་བཅུ་ཕྲག་བགྲང་བྱའི་ནང་། །

    གནམ་ས་བླ་འོག་འཕོ་འགྱུར་མཚར། །

    དམངས་རྣམས་ཕྱུག་པོའི་སྐྱིད་གཏམ་དེ། །

    ཡངས་པའི་ནོར་འཛིན་ཁྱོན་ལ་གྲགས། །

    སྣ་མང་བྱ་གཞག་འཕེལ་ཁ་མྱུར། །

    རྒྱལ་སྟོབས་དབུ་རྨོག་ཉིན་བཞིན་བཙན། །

    དཔལ་ཡོན་གཉིས་དར་སྙན་གཏམ་གྱི། །

    བ་དན་ནམ་གཡོའི་སྨོན་རྒྱས་འདེབས། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།