[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • དྲིན་ཅན་ཨ་མ་ལགས།

    ​ —— མ་ཡུམ་དུས་ཆེན་ལ་ཕུལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསོད་ནམས།    |    སྤེལ་དུས།   2018-05-13

    ངའི་དྲིན་ཅན་ཨ་མ་ལགས། དཀའ་སྡུག་གི་ངལ་བ་ཁྲི་ཕྲག་བཟོད་ཐུབ་པའི་བླ་ན་མ་མཆིས་པའི་རླབས་ཆེན་གྱི་སྐྱེད་མ་ཉིད། ངའི་ཨ་མ་ལགས། མི་ཚེའི་འཕྲང་ལམ་རིང་པོའི་ནང་འཚོ་བཞིན་པའི་རང་ཕྲུག་གི་མདུན་ལམ་ལ་མནོ་བསམ་གཏོང་དང་གཏོང་བཞིན་པའི་དགོངས་པ་ཞིག་ངའི་ཨ་མ་ལགས་ཀྱི་འགྱུར་མེད་ཐུགས་ཀྱི་དམ་བཅར་གནས་ཡོད། ངའི་ཨ་མ་ལགས། ཁྱིམ་ཚང་འདིའི་ནང་ཐུག་པ་ཚ་སོབ་སོབ་ཅིག་སྐོལ་མཁན་གྱི་སྐྱེད་མ། ཁང་ཆུང་གྲུ་བཞིའི་གར་སྟེགས་ཐོག་ཁྱེད་ཀྱི་ཞབས་རྗེས་ཀྱིས་ཁེངས་ཤིང་། ཁྱེད་ཀྱིས་ཐང་ཁུག་ནང་གཡོས་སྦྱོར་གནང་བའི་མར་སྤགས་ཀྱིས་ངའི་ལུས་ཟུངས་རྒྱས། ཁྱེད་ཀྱིས་རྩམ་པ་བཟས་ན་ལུས་ཤེད་རྒྱས་ཐུབ། རྩམ་པར་ཕོག་ཐུག་ཅི་ཡང་མེད་ཅེས་གསུངས་པ་དངོས་གནས་བདེན། ད་ཆ་གྲོང་ཁྱེར་ནང་གི་དཀར་གསུམ་མངར་གསུམ་ལ་རོལ་ནས་འཚར་ལོངས་བྱུང་བའི་གཞོན་ནུ་ཚོས་ངའི་ལུས་ཤེད་ལ་འགྲན་ཐབས་བྲལ་བ་ཤེས།

    ངའི་ཨ་མ་ལགས་ཀྱི་བཞིན་རས་ལ་ཉིན་བཞིན་མང་དུ་སོང་བའི་གཉེར་རིས་དང་། ཉིན་བཞིན་མང་དུ་འགྲོ་བའི་སྐྲ་དཀར་རེ་རེ་མཐོང་དུས། ངའི་སྙིང་ལ་བཟོད་ཐབས་བྲལ་བའི་ན་ཟུག་ཅིག་ལྡང་ཡོང་གི་འདུག ཡིན་ནའང་ཨ་མ་ལགས་ཀྱིས་ཞལ་དལ་བུར་མི་ཞུགས་པར་མ་ཎི་དྲངས་པ་རྣམས་ངས་ཐོར་བཀོད་པར་ད་ཆ་གྲངས་དུང་ཕྱུར་ལས་བརྒལ་བ་མ་ཟད། ཉིན་རེའི་ཕྱག་ལས་གྲུབ་སྟེ་ཕྱག་གཡས་པ་མ་ཎི་བསྐོར་གནང་སྟེ། ཉིན་ཞག་ལོ་ཟླའི་ཕུང་པོ་བརྩེགས་པས། ད་ཆ་མགུལ་དུ་བཞེས་པའི་མ་ཎི་དུང་བྱོན་གྱི་དུང་དཀར་བརྒྱ་ལ་ཉེ་བ་དེའི་སྐོར་གླེང་དུས། ཨ་མ་ལཌ་ཀྱི་བཞིན་རས་ནས་གདེང་ཚོད་ཆེ་མདོག་ཅིག་མངོན་ཞིང་། ཞལ་འཛུམ་དེར་བསམས་པ་ཙམ་གྱིས། མི་རྟག་པར་སྐྲག་རྒྱུ་ཅི་ཡོད། བདག་ལ་འཁྱེར་རྒྱུ་མ་ཎི་ཞེས་གསུངས་པ་ལྟར་སྣང་།

    ད་ཆ་ཨ་མ་ལགས་ཁྱེད་སྐུ་ན་བདུན་ཅུ་གྲོལ་མོད། དགོང་མོ་ནང་མི་ཚང་མ་ཉལ་ཟིན་ཡང་སྔར་བཞིན་གསོལ་ཐབ་ནང་བསྡུ་གསོག་བསྐྱོན་གྱིན་དབུ་འཁོར་བ་དང་། ཞོགས་པ་ཐོ་རེངས་ནས་བཞེངས་ཏེ། རྒྱལ་བའི་སྐུའི་མདུན་དུ་ཡོན་ཆབ་འབུལ་གནང་བ་དང་དྲི་ཞིམ་བདུག་སྤོས་སྤར་རྗེས་གསུང་ངག་བྲེལ་པོས་རྒྱལ་བསྟན་དར་ཞིང་འགྲོ་དྲུག་བདེ་ལ་འཁོད་པར་ཤོག་ཅེས་པའི་སྨོན་ལམ་འདེབས་གནང་བའི་གསུང་སྒྲས་ཁོ་བོའི་སྣང་བ་སྐྱིད་པོར་གྱུར་ཅིང་། སེམས་ནང་ངའི་ཨ་མ་ལགས་ནི་འཇིག་རྟེན་སྤྱིའི་ཨ་མ་རེད་འདུག་སྙམ་པའི་བསམ་བློ་འཁོར་བ་དང་། སྨོན་ལམ་བཏབ་གྲུབ་རྗེས་སླར་ཡང་སྐུ་ལུས་སྡོང་རྒན་འགྱེལ་བ་ཇི་བཞིན་སྐུ་ཕྱག་བརྒྱ་ཕྲག་ལས་བརྒལ་བ་ཞིག་འབུལ་བ་མཐོང་ཙ་ན། ཁོ་བོའི་སེམས་ནང་སྐུ་ན་བགྲེས་ཀྱང་སྐུ་གཟུགས་ཐང་ཤ་དོད་པོ་འདི་འདྲ་བྱུང་བ་ནི་སྐུ་ཕྱག་གི་ཕན་ཡོན་མིན་ནམ་སྙམ། ཐེངས་ཤིག་ཞོགས་པར། ཨ་མ་ལགས་ཀྱིས། ཨ་རུ་རུ། ད་ཡིན་ན་པུས་མོ་གཉིས་ཀ་ན་ཡི་འདུག ང་ཚོའི་ཆོས་གྲོགས་ཚོས་བཤད་པ་ལྟར་ན་དེང་སང་པུས་མོའི་སླ་ང་བརྗེ་རྒྱུ་ཡོད་པ་འདྲ་ཞེས་གསུངས། ཨ་མ་ལགས་ཀྱི་བཀའ་མོལ་དེ་ལ་བསམས་ན་ཕལ་ཆེར་པུས་མོའི་སླ་ང་བརྗེ་འདོད་གནང་གི་མེད་དམ་སྙམ།

    ཁོ་བོས་དེ་མུར། ཨ་མ་ལགས། ཞབས་པུས་ཀྱི་སླ་ངར་སྨན་བཅོས་བྱེད་རྒྱུ་ཡོད་ཐག་ཆོད་རེད། ཁྱེད་ཀྱི་ཞབས་པུས་བཅོས་པར་ཕེབས་ན་ཞེས་ཞུ་སྐབས་ཁོང་གིས། དངུལ་ཇི་ཙམ་དགོས་སམ་ཞེས་གསུངས། ཕལ་ཆེར་སྒོར་ཁྲི་གསུམ་བཞི་ཙམ་དགོས་ཀྱི་ཡོད་སྐད་ཅེས་ཞུས་པའི་ཚེ། ཁོང་གིས་བཞད་མོ་བཞད་ཀྱིན། ཧིན། དངུལ་མང་པོ་དེ་འདྲ་ག་ནས་འཚོལ་དགོས་རས། མ་གཞི་ནས་རྒན་འཁོགས་འཆི་ཁར་དངུལ་མང་པོ་དེ་འདྲ་བཏང་ནས་སྨན་བཅོས་བྱེད་རིན་གང་ཡོད། གལ་སྲིད་དེ་ག་ཙམ་བྱུང་རོགས་བྱས་ན། མཆོད་སྦྱིན་རྒྱ་ཆེན་ཞིག་བྱས་ནས་ཕྱི་མའི་འགྲོ་ལམ་ལེགས་པོ་ཞིག་བཅོས་ན་དགའ་ཡི་རེད་ཅེས་གསུངས་ཀྱི་འདུག

    ངའི་ཨ་མ་ལགས་ཀྱི་གཡོ་འགུལ་གཏོང་ཐབས་མེད་པའི་དད་སེམས་བརྟན་པོ་དེ་ནི་ཉམས་སུ་ལེན་རིན་ཆེ་བ་ཞིག་རེད་ཨང་། ང་རང་ན་གཞོན་ཞིག་གི་ངོས་ནས་བཤད་ན། ད་ལྟ་འཆི་ཁའི་བསམ་བློ་གཏོང་མི་དགོས་ཀྱང་། སྐྱེད་མའི་དད་སེམས་བརྟན་པོ་དེ་འདྲ་ཞིག་ལ་དཔེ་བླངས་ཏེ་རིག་པའི་གནས་ཀུན་ཕ་མཐར་སོན་པ་ཞིག་དང་། འཇིག་རྟེན་བྱ་གཞག་གང་ཞིག་སྒྲུབ་འགོ་རྩོམ་པ་དེར་མི་སྨོན་རང་སྐྱིད་ཀྱི་གྲུབ་འབྲས་ཤིག་ལེན་དགོས་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད་ཡཱ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།