[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • བཀྲ་ཤིས་རྫ་རྔ་ལན་བརྒྱར་བརྡུངས་པའི་ཕུན་ཚོགས་བསྟོད་དབྱངས་ཡིད་འཕྲོག་མ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལྕང་སྨྱོན།    |    སྤེལ་དུས།   2018-05-13

    བཀྲ་ཤིས་གླུ་དབྱངས་རྣ་བའི་དཔྱིད་དུ་སྨིན། །

    ཕུན་ཚོགས་དཔལ་ཡོན་སྟོན་གྱི་དུས་འདིར་རྒྱས། །

    གླུ་སྒྲ་གསར་པའི་མངོན་མཐོའི་སྟེགས་བུའི་སྟེང་། །

    གངས་ལྗོངས་ན་གཞོན་དབུ་འཕང་དགུང་ལ་མཆེད། །

    མེས་རྒྱལ་ནུབ་ཕྱོགས་བོད་ཁམས་འཛིན་མའི་གཙུག །

    བོད་ཡུལ་ལྷོ་ཕྱོགས་གཙང་ལྗོངས་དགའ་བའི་གཞིར། །

    གང་ཉིད་སྐད་ངག་དབྱངས་ཀྱི་རྟར་ཆིབས་ནས། །

    ཀུན་གྱི་སྒྲ་འཛིན་སྟོན་མོར་སྔར་ནས་གཤམས། །

    ཇོ་རིའི་རིག་གནས་དུས་ཆེན་སྐབས་སུའམ། །

    གཞན་གྱི་གླུ་གཞས་འགྲན་བསྡུར་སྣ་ཚོགས་ཁྲོད། །

    ཡང་ཡང་རྒྱལ་ཁ་བླངས་པའི་གཟི་བརྗིད་མཚན། །

    མྱང་ཆུའི་འགྲམ་ངོགས་གཉིས་སུ་སྡུག་གུར་བཞད། །

    འགྲོ་དོན་ཐུགས་བཅངས་ཐང་སྟོང་རྒྱལ་པོ་ཡི། །

    ངོ་མཚར་རྣམ་ཐར་སྐྱེ་བོའི་མགྲིན་ན་མཛེས། །

    དེ་ཕྱིར་བླ་ཆེན་གང་དེར་བསྟོད་པའི་གཞས། །

    ས་གསུམ་ཁྱོན་ལ་གྲགས་འདི་བླངས་པ་མཚར། །

    གཙང་གཞུང་བརྗིད་པའི་ལོ་རྒྱུས་ངོ་མཚར་དང་། །

    འཕོ་འགྱུར་གསར་པའི་འཇོ་སྒེག་དཔལ་ཡོན་གྱིས། །

    ཕྱོགས་བཅུའི་སྐྱེས་འགྲོའི་མིག་གི་གཞུ་མོ་གཉིས། །

    འགུག་པའི་སྤྱི་དོན་གླུ་དབྱངས་ཡང་ཡང་གྱེར། །

    དེ་འདྲའི་སྔོན་འགྲོ་བཀྲ་ཤིས་དར་དཀར་གྱིས། །

    རིང་ནས་དྲངས་པའི་གོ་སྐབས་གསེར་གྱི་ཁྲི། །

    ཙི་ནའི་ཡུལ་གྱི་ཀྲེན་ཅང་བརྙན་འཕྲིན་ལས། །

    གང་ཉིད་མདུན་དུ་ལྷགས་འདི་ཨེ་མ་མཚར། །

    ཐོག་མར་བོད་ལྗོངས་ཁུལ་གྱི་འགྲན་ར་ནས། །

    རྣམ་པར་རྒྱལ་བའི་གཏམ་བཟང་དབྱར་སྐྱེས་སྒྲ། །

    འཕྲིན་གྱི་གླེང་སྒོ་ཀུན་ལས་ཉེར་གྲགས་དུས། །

    མདོངས་མཐའི་ངང་ཚུལ་བཟུང་བ་གཅིག་གཉིས་མིན། །

    ལོ་མང་བཞུན་བརྡར་བྱས་པའི་ལེགས་བྱས་མཐུས། །

    གྲགས་ཅན་ལེ་ཚན་འགྲིམ་པའི་སྐལ་བཟང་ཐོབ། །

    མངོན་མཐོ་སྡིངས་ཆའི་མདུན་གྱི་སློབ་དཔོན་གསུམ། །

    སྙན་དབང་གསོ་བའི་དབྱངས་ཀྱིས་མདུན་དུ་དྲངས། །

    བརྩེ་བ་དྲོན་མོ་ཕ་སྐད་དྭངས་མའི་གཞིས། །

    སྙན་པར་དྲངས་པའི“མཚོ་ཡི་མེ་ལོང”ངོས། །

    རྩམ་པའི་དྲི་དང་དར་སྲོལ་གསར་པའི་རོ། །

    གཅིག་འཇགས་གཅིག་ལངས་རླབས་ཀྱི་རྒྱུན་ལ་དོ། །

    ཐུན་མིན་ཁྱད་ལྡན“མཚོ་ཡི་མེ་ལོང”གིས། །

    སྐད་རིགས་སྣ་གསུམ་རི་མོ་གསལ་བར་བཀྲལ། །

    དབྱངས་འགྲོས་མགྱོགས་དལ་གང་གི་སྐབས་སུ་ཡང་། །

    ཚིག་གི་ཟེགས་མ་གསལ་བར་འཕྱུར་འདི་རྨད། །

    མཚར་སྡུག“དཔྱིད”ཀྱི་དཔལ་ཡོན་བཞད་ཙ་ན། །

    ཐ་རན་དགུན་གྱི་གྲང་རེག་མཐར་སྐྲོད་བཞིན། །

    མཐོན་པོ་དབྱངས་ཀྱི་གྲེ་འགྱུར་རབ་མཆེད་པས། །

    ཕ་རོལ་འགྲན་ཡ་བཟོད་པའི་གནས་སྐབས་ཅི། །

    བརྗོད་བྱེད་ཚིག་ལ་གོ་རྟོགས་གསལ་བར་རྙེད། །

    དབྱངས་ཀྱི་འགྲོས་དང་ལག་གི་སྟངས་སྟབས་གཉིས། །

    ཤིན་ཏུ་འཚམས་པས་ཀུན་གྱི་སྣང་ངོར་མཛེས། །

    དེ་ལྟའི“དཔྱིད”དཔལ་བཞད་པར་སུ་མི་དགའ། །

    སློབ་དཔོན་གཅིག་གི་དགེ་ཕྲུག་ཕན་ཚུན་དབར། །

    མཐའ་མའི་རྒྱལ་ཕམ་རྩོད་པའི་འགྲན་སྐོར་ནང་། །

    སྙན་གྲགས་མཚན་ཁ་རིང་ནས་འབར་ཟིན་པའི། །

    གཞས་མ་ཐེན་ལགས་གང་ཉིད་རམ་བུར་དྲངས། །

    ཕོ་མོ་ཕན་ཚུན་སྡེབ་པའི་ཞི་དྲག་གི། །

    དབྱངས་ཀྱི་གཏིང་རུམ་སྐྱོ་བའི་ཚོར་འདུས་སྦྲིད། །

    དུས་ཀྱི་གཤེད་མས་ལང་ཚོ་བཅོམས་པའི་ཚུལ། །

    “སྒེའུ་ཁུང”ཕྱི་ནང་གཉིས་ནས་གསལ་བར་བསྟན། །

    གང་བླངས་གཞས་ཀྱི་སྲུབས་ཀ་གང་རུང་དུ། །

    མི་རིགས་ཁྱད་ཆོས་རྒྱན་དུ་སྤྲོས་ན་ཡང་། །

    ཕ་སྐད་མ་གླུ་མེད་པའི་མི་བསྲུན་གཏམ། །

    ཐོ་ཅོ་ཅན་པའི་མཆུ་འདབ་བར་ནས་ཟགས། །

    སློབ་དཔོན་དྲིན་ཅན་ཐུགས་དཀྱེལ་རབ་ཆེ་བས། །

    འགངས་ཆེ་གནད་ཀྱི་འགྲན་སྐོར་དེ་ཁོ་ནར། །

    ཕ་སྐད་གཙང་མའི་རང་བརྩམས་གླུ་དབྱངས་ཤིག།

    ལེན་དུ་བཅུག་པས་གཏམ་འཆལ་རང་གར་ཞིག།

    ཨ་མའི་དབུ་ཐོད་གཉེར་མའི་བང་རིམ་ལས། །

    བུ་ཚའི་འཚོ་བའི་རི་མོ་གསལ་བ་བཞིན། །

    “ཨ་མའི་ཕྱག”གི་སྔ་ཕྱི་བར་གསུམ་ལས། །

    བོད་མིའི་འཚོ་བའི་རྣམ་པ་རྗེན་པར་གསལ། །

    གོ་བདེ་སྟབས་བསྡུས་ཚིག་གི་བར་མཚམས་སུ། །

    རྩམ་པའི་དྲི་དང་ལྕི་བའི་རྡུལ་འཁྱིལ་བས། །

    ཨ་མའི་བཀའ་དྲིན་མི་དྲན་གཞོན་ནུ་ཡང་། །

    དྲིན་ཚོར་བསམ་གཞིག་ཟབ་མོའི་ཀློང་དུ་ཚུད། །

    བལྟས་ནས་ཚིམས་པ་མེད་པ་ཨ་མའི་ཞལ། །

    རིང་ནས་བརྗེད་དུ་མེད་པ་གནའ་བོའི་གཞས། །

    ཉན་ནས་ངོམས་པ་མེད་པ"ཨ་མའི་ཕྱག"།

    ཀུན་ལས་རྣམ་པར་རྒྱལ་བར་སུ་ཡིས་བསྙོན། །

    “ཨ་མའི་ཕྱག”གི་གདངས་དབྱངས་དྭངས་མ་དེས། །

    གཙང་གི་ཕོ་རབ་བྱིའུ་ཚང་ནང་དུ་འཁྲིད། །

    དེ་ནི་ཨ་མའི་ཕྱག་གིས་གཅེས་ཕྲུག་རྣམས། །

    འཚོ་བའི་ལམ་དུ་འཁྲིད་དང་ཅིས་མི་མཚུངས། །

    རྣམ་པའི་ཆ་ནས་བྱིའུ་ཚང་ཞེས་བརྗོད་ཀྱང་། །

    དོན་དུ་གལ་ཆེའི་རྒྱལ་སྟོན་གཉེར་གནས་ཞིག།

    མཐའ་འཇུག་རྒྱལ་ཁ་པང་དུ་མ་ལོན་ཀྱང་། །

    གནས་དེའི་སྟེགས་བུར་སླེབས་པ་གཟི་བརྗིད་ལགས། །

    ཕུན་ཚོགས་རྒྱུ་ཡི་ཡོན་ཏན་འཛོམས་གྱུར་པས། །

    ངེས་དོན་འབྲས་བུ་མི་ལོན་སེམས་ཁྲལ་ཅི། །

    འཛམ་གླིང་མིག་ཟུང་ཀུན་འདུས་གནས་དེ་རུ། །

    “ང་དང་ཁྱེད”ལ་རྣམ་ཤེས་གསར་པ་བསྩལད། །

    ཕ་མཐའ་ཡས་པའི་མཁའ་ལམ་ཡངས་པོ་འདི། །

    ཐང་དཀར་རྒོད་པོའི་གཤོག་འགྱུར་ངོམས་ས་ཡིན། །

    རྩལ་ལག་མི་འཛོམས་བྱིའུ་ཆུང་བློ་ཤེད་ཀྱིས། །

    གཤོག་འདབ་འགྱུར་ཡང་རང་ཉིད་ངལ་བའི་རྒྱུ། །

    “མི་མ་བྱ”ཡི་རྣམ་སྤྲུལ་གླག་རྒོད་དེ། །

    མཐོན་པོ་ས་འཛིན་སྤོ་རུ་འགྱིང་བའི་ཚེ། །

    ཕྱོགས་དེར་གནས་པའི་སེམས་ཅན་ཁྲི་མ་འབུམ། །

    བློ་སྤོབས་འཁུམས་པར་ངོ་མཚར་སྐྱེས་དོན་ཅི། །

    རང་སྐྱོན་ཁུང་བུ་བརྡོལ་བའི་དྲི་ངན་གྱིས། །

    བསྐྱེད་པའི་འཕྱ་གཏམ་ལྦུ་བའི་ངང་ཚུལ་ཅན། །

    དབྱངས་ཀྱི་ཐོག་མདའ་དྲག་པོས་ཉེར་བཅོམས་པའི། །

    རྨད་བྱུང་བརྟུལ་ཞུགས་འདི་ལ་ཀུན་ངོ་མཚར། །

    མཐར་ཐུག་འབྲས་བུ་ལག་ཏུ་ལོན་པ་ལ། །

    དོན་དམ་ཡོན་ཏན་མེད་ན་རྨི་ལམ་ཙམ། །

    དེའི་ཕྱིར་ལེགས་འཛོམས་ཕུན་ཚོགས་ཡོན་ཏན་དག།

    ཅི་དགར་མངོན་རྒྱུ་ཐབས་ཀྱི་མཆོག་ཏུ་འཁུམས། །

    མཁའ་སྙོམས་མིང་ཅན་མཆོག་གྱུར་རོལ་དབྱངས་དེས། །

    གང་དེའི་དཔག་མེད་དགེ་མཚན་ཀུན་ངོམས་ནས། །

    མཐའ་མའི་འགྲན་ཡ་གཅིག་པུ་དེ་ཉིད་ཀྱང་། །

    མིང་གི་ལྷག་མར་བཏང་ནས་རྒྱལ་ཁ་བླངས། །

    བཀྲ་ཤིས་དུས་ཀྱི་ཕུན་ཚོགས་དགའ་སྟོན་འདིར། །

    བཀྲ་ཤིས་དཔལ་ལ་ཕུན་ཚོགས་རྒྱུ་འཛོམས་པས། །

    བཀྲ་ཤིས་མཚན་སྙན་ཕུན་ཚོགས་འཛིན་མའི་གཞིར། །

    བཀྲ་ཤིས་ལྡབ་བརྒྱའི་ཕུན་ཚོགས་དབྱངས་ཀྱིས་གྲགས། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།