[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄༅། །ཁ་བའི་ཀློང་གི་དུང་ལྷ།།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ གངས་གཡག་དཔལ་ལྷུན།    |    སྤེལ་དུས།   2018-05-06

    གཅིག

    ཁ་བ་ལྷབ་ལྷུབ་ཏུ་བབས་པ་དེས་གོ་ལ་ཧྲིལ་པོར་མཛེས་སྡུག་གི་མཆོར་སྒེག་བཀླུབས་ཤིང་མི་རྣམས་ལ་དགའ་སྐྱོ་ཅི་རིགས་ཀྱི་ཚོར་སྣང་སྟེར། ཟུར་དྲུག་འདབ་མ་ལྷབ་ལྷུབ་ངང་འཛིན་མའི་རྒྱན་དུ་འབབ་པ་ནི་ཕྱེ་མ་ལེབ་དཀར་པོའི་ཚོགས་ཀྱིས་བར་སྣང་ཁམས་སུ་འཕུར་ལྡིང་གི་གར་ལ་རྩེན་པ་དང་ཀུན་ནས་མཚུངས།

    སྨད་མདོ་ཁམས་སྒང་དྲུག་ནས་བར་དབུས་གཙང་རུ་བཞི་དང་སྟོད་མངའ་རིས་སྐོར་གསུམ་དུ་ཁ་བ་བབས་པས། མིའི་རིགས་ཀྱིས་དགའ་ལྷང་ལྷང་གི་སེམས་ཁམས་ཤིག་ཐོགས་ནས་ཁ་བའི་གཟུགས་དབྱིབས་སྣ་ཚོགས་བཟོས་ཏེ་རང་གི་བསམ་ཚུལ་ཅི་དགར་གླེང་བར་བྱེད་ལ། རྣམ་གཡེང་ངང་འཆར་འགོད་གང་ཡང་མེད་ཀྱང་མཛེས་སྡུག་ལྡན་པའི་ཁ་བའི་རང་མདངས་ཀློང་དུ་རོལ་རྩེད་སྣ་ཚོགས་ལ་རོལ་ཞིང་། ཁ་བ་དང་འབྲེལ་བའི་ཐ་སྙད་མང་པོ་ཞིག་ཁ་བ་དང་ལྷན་དུ་གངས་ལྗོངས་ས་མཐོར་བཀྲམ། དེའི་དབང་གིས་ཁ་བ་ནི་མིའི་རིགས་ལ་བདེ་བ་སྟེར་མཁན་རྣལ་མ་ཞིག་ཡིན། དུས་ལ་ལར་ཁ་བ་བབས་པས་མི་རྣམས་ཀྱིས་ཁ་བར་མ་འདོད་པ་དང་ཁ་བ་འབབ་དུས་མི་སྐྱིད་པའི་སེམས་པ་ཞིག་འཆང་གིན་ཁ་བའི་ནག་ཉེས་དག་དམོད་མོ་དང་ལྷན་དུ་འཛམ་གླིང་ཁྱོན་ལ་སྒྲོག་པར་བྱེད། དེའི་སྟོབས་ཀྱིས་ཁ་བ་བབས་པ་ནི་གསར་འགྱུར་ཞིག་གི་ཚུལ་བཞིན་འཛམ་གླིང་སྐྱེས་བུའི་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

    དེ་རིང་། གངས་ལྗོངས་ཀྱི་རི་སུལ་གང་སར་ཁ་བའི་མཛེས་རིས་བྲིས་བཞིན་འདུག་ལ། ཁུ་སིམ་མེར་གོ་ལའི་པང་དུ་གཟིམ་པའི་དུང་ལྷ་གྲོང་ཚོར་ཡང་ཁ་བ་འབབ་བཞིན་འདུག ཁ་བའི་མདངས་ཀྱིས་མཛེས་པའི་ཁ་བ་དུ་མ་ཞིག་འཚང་ཁ་ཤིག་ཤིག་ངང་ཁ་བ་ལྟར་མཛེས་པའི་ནམ་མཁའི་མཐོངས་ཀ་ནས་དུང་ལྷའི་པང་དུ་ཁུ་སིམ་མེར་འབབ་འོང་དུས། དྲན་པ་ལྕི་མོ་ཞིག་ཀྱང་ཁ་བའི་འབབ་ཚུལ་དང་འགྲོགས་ནས་ཁོ་བོའི་སྙིང་ཁོང་དུ་བཏིམས་པར་བྱས། དེས་རྐྱེན་པས་བདག་གིས་ཀྱང་ཡུལ་མི་ཚོ་ལྟར་ཁ་བ་འབབ་ཚུལ་ལ་དོ་སྣང་བྱ་དགོས་བྱུང་། ལྷབ་ལྷུབ་ཏུ་འབབ་བཞིན་པའི་ཁ་བའི་སྟངས་སྟབས་ཀློང་དུ་ཡུལ་མི་ཚོའི་བདེན་རྫུན་ཅི་རིགས་ཀྱི་གཏམ་གླེང་ཁྱབ་བཞིན་འདུག རྣམ་གཡེང་ལ་དུང་བའི་བྱིས་པ་ཚོའི་དགའ་འབོད་ཀྱི་སྐད་སྒྲ་འཇགས་སོང་། གཞོན་ནུ་ཚོའི་ཡ་མཚན་གྱི་འུར་སྒྲ་ཡལ་སོང་། རྒན་རྒོན་ཚོའི་འུ་སྡུག་པའི་སྨྲེ་ངག་དང་ཆོ་མེད་ཀྱི་སྟོང་གཏམ་བསྡུས་སོང་། ད་ཆ་ཁ་བའི་ཀློང་ན་དུང་ལྷ་ཧྲིལ་པོ་ཞི་འཇམ་ནས་ཞི་འཇམ་དུ་གནས་འདུག ཡིན་ནའང་། ཁ་བ་ལྷབ་ལྷུབ་ཏུ་འབབ་ཡོང་བ་དེ་ལོ་འགའི་གོང་རོལ་དུ་འཇད་ཀྱི་ན་མོ་ཆེར་བབས་པའི་ཁ་བ་བཞིན་བདག་གི་དྲན་པ་ཡོངས་རྫོགས་ཁ་བའི་རྒྱན་གྱིས་བཀླུབས།

    ཁ་བ་ལྷབ་ལྷུབ་ཏུ་བབས་པ་དེས་གྲོང་ཁྱེར་གྱི་པང་ཁ་ན་བྲེལ་འཚུབ་ཀྱིས་ལས་ལ་འཇུག་བཞིན་པའི་མི་རྣམས་ལ་དགའ་སྤྲོ་དང་མཛེས་སྡུག་གི་བདེ་བ་ཞིག་སྟེར་མོད། ཆང་ཕོར་གྱི་མཐའ་འཁོར་ན་སེམས་པ་ལྷོད་ལྷོད་དུ་གཏམ་རྒྱུད་ཆོ་མེད་རེ་གླེང་རྒྱུར་དགའ་བའི་དུང་ལྷ་བ་ཚོའི་ཕ་སར་ཁ་བ་བབས་པ་ནི་སུས་ཀྱང་སྣང་མེད་དུ་འཇོག་སྲིད་པའི་ཁ་བ་ཕན་མེད་ཅིག་ཡིན་འདུག སྐྱ་ཟད་སྔོ་གཏུགས་ཀྱི་དུས་ཚོད་འདི་འདྲ་ཞིག་ཏུ་ཁ་བ་བབས་པར་སུས་ཀྱང་དགའ་སྤྲོ་བྱེད་མི་སྲིད་དེ། “ད་ལྟའི་དུས་སུ་ཁ་བ་འབབ་ན་ཕན་པ་ལས་གནོད་པ་མང་རབས”ཀྱི་ཞིང་པ་རྒན་པོའི་གཏམ་གླེང་དེ་ནི་ཀུན་གྱིས་བདེན་པར་འཛིན་པའི་གྲོས་ཤིག་ཡིན། དེའི་ཕྱིར་རྒན་པོ་དག་གིས་གནམ་རྒན་མར་དམོད་མོ་འདེབས་ངེས། མཆིལ་མ་བོར་ངེས།

    ཆར་ཆུ་དུས་སུ་བབས་ནས་ལོ་ལེགས་སྙེ་མའི་འཛུམ་མདངས་གྲོལ་དུས་ཞིང་པ་རྒན་པོའི་དགའ་བའི་ཚེམས་ཕྲེང་ངོམས་པ་ནི་རེ་བ་དང་ཡིད་ཆེས། དགའ་སྤྲོ་དང་སྙིང་སྟོབས་ཀྱི་འཛུམ་མདངས་ཤིག་ཡིན་མོད། ལྷགས་རླུང་འཚུབ་ཅིང་ལས་བྲེལ་ཆེ་བའི་ནམ་དུས་འདི་འདྲ་ཞིག་ལ་ཁ་བ་བབས་པར་ཞིང་པ་རྒན་པོས་ཁོང་ཁྲོའི་སྡང་མིག་བགྲད་ཀྱང་གནམ་རྒན་མས་ལེ་བདའ་བྱེད་སྲིད་དམ།

    གཉིས།

    ཁ་བ་ཉམ་ཆུང་དང་ཁེངས་སྐྱུང་གི་ཚུལ་གྱིས་འཛུམ་དམུལ་དམུལ་ངང་དུང་ལྷའི་པང་དུ་སིམ་དུས། ལྷབ་ལྷུབ་ཏུ་གཡོ་བའི་རྒྱ་ལྕང་གི་ལོ་འདབ་དང་། ཕར་ཚུར་བསྐྱོད་པའི་དར་ལྕེ་དག་ད་གཟོད་ཁ་བའི་བྱམས་བརྩེའི་ཀློང་དུ་ལྷིང་འཇགས་ཀྱི་ངལ་གསོ་བཞིན་མཆིས། འོན་ཏེ་ཁུ་སིམ་པའི་རི་གྲོང་འདི་ན་ཁ་བ་ནི་སུས་ཀྱང་དམོད་མོ་བགྲང་ཆོག་ཆོག་གི་ལས་མེད་སྤྲང་པོ་བཞིན། ཡུལ་མི་ཚོའི་མིག་གི་ཐལ་རྡུལ་དང་སྙིང་གི་ཚེར་མ་བཞིན་སྣང་།

    དཔྱིད་ཀྱི་རླུང་བུས་འཇམ་མཉེན་གྱི་ཕྱག་ཟུང་རྐྱོང་གིན་རི་ཀླུང་ཀུན་ལ་ལྗང་མདོག་གི་མཆོར་སྒེག་བཀླུབས་ཤིང་། འབུ་སྲིན་གྱི་ཚོགས་རྣམས་ཀྱང་གཏི་མུག་གི་རྨི་ལམ་ལས་སློང་དུས། དུང་ལྷའི་ཞིང་ཐང་གི་ངོགས་དང་བྲག་སྐྱིབས་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་འཇག་རྩྭ་འགའི་སྙན་འཇེབས་ཀྱི་རོལ་དབྱངས་འོག ཁ་བ་ནི་བདག་ཁོ་ནར་དབང་བའི་མཛེས་མ་ཞིག་སྟེ། ཀ་ཤིའི་རས་ཀྱིས་བརྒྱན་པའི་སྨིན་ལེགས་མས་ཡང་ཟོར་དོད་པོའི་ངང་ལྡེམ་འཁྱུག་གི་གར་ལ་རོལ་བ་བཞིན་ལྷབ་ལྷུབ་ཏུ་བདག་གི་སྙིང་ཁར་སིམ་པར་བྱེད་ལ། བདག་ཀྱང་ཁ་བ་ཁོ་ནར་དབང་བའི་ངོ་མཚར་གྱི་ལྡེབས་རིས་ཤིག་སྟེ། མཛེས་སྡུག་ལྡན་པའི་འཆར་ཡན་སྣ་ཚོགས་འཁྲུངས་སའི་ཁ་བའི་མཛེས་རིས་ཤིག་གི་ཚུལ་དུ་དུང་ལྷའི་པང་ཁ་ན་འགྱིང་ནས་ཡོད།

    ལྷབ་ལྷུབ་ཀྱི་ཁ་བའི་ཀློང་ན་དུང་ལྷ་ནི་ཅི་འདྲའི་དབེན་ཞིང་འཇགས་པ་ཞིག་རེད་ཨང་། ཀུ་ཅོར་དགའ་བའི་དེ་ཕོའི་སྐད་ངག རང་ངོམས་ལ་དུང་བའི་མགྲིན་བཟང་གི་གྲེ་འགྱུར། རང་ཤེད་ཆེ་བའི་བསེར་རླུང་གི་སྤོབས་པ། སྣང་བ་མེད་པའི་ཡུལ་མི་ཚོའི་འདྲེན་བྱེད། ཐ་ན་ཡར་མར་རྐང་འཁོར་རྩེད་རྒྱུར་དགའ་བའི་བྱིས་པ་པྲ་ཚགས་དེ་ཚོའི་འུར་སྒྲ་ཡང་ལྷབ་ལྷུབ་ཏུ་འབབ་པའི་ཁ་བའི་ཀློང་དུ་ཞི་འཇམ་ནས་ཞི་འཇམ་དུ་གྱུར། ཐམས་ཅད་ཁུ་སིམ་ནས་ཁུ་སིམ་དུ་གྱུར། ངོ་མ། ཁ་བ་ཐེངས་གཅིག་བབས་པ་ནི་འཇམ་པོའི་མལ་དུ་ཐེངས་གཅིག་གཉིད་པ་དང་མཚུངས། ཁ་བ་བབས་ཐེངས་རེ་རེར་རི་བོའི་གཏོས་དང་གནམ་གྱི་མཐའ་རུ་ཁ་བའི་མཛེས་པས་བཀླུབས་སྲིད། ཁ་བ་བབས་ཐེངས་རེ་རེར་མིག་གི་མདུན་དང་སེམས་ཀྱི་གཏིང་ཚང་མ་ཁ་བའི་རང་མདངས་ཀྱིས་མཛེས་པར་བྱེད། ཁ་བ་བབས་ཐེངས་རེ་རེར་གཏམ་གྱི་གཞི་དང་ཡིད་ཀྱི་ཀློང་ཚང་མ་ཁ་བའི་བཅུད་ཀྱིས་བཀངས། ཡིན་ནའང་། ཁ་བའི་མཛེས་སྡུག་གིས་བརྒྱན་པའི་དུང་ལྷ་ནི་ད་དུང་ཡང་རྨི་ལམ་ནང་འཆར་ཡན་སྣ་ཚོགས་ལ་བསྙེག་བཞིན་འདུག

    ནམ་ཞིག ཁ་བ་འགའ་ལྷབ་ལྷུབ་ཏུ་འབབ་སོང་ན། དུང་ལྷའི་ནམ་མཁའ་དྭངས་ཤིང་གསལ་བར་ངེས་ལ། ཁ་བའི་ཀློང་གི་དུང་ལྷའི་མཛེས་སྡུག་གངས་ལྗོངས་སུ་བཀྲ་བར་ངེས།

    ཁ་བ་ལྷབ་ལྷུབ་ཏུ་འབབ་བཞིན་འདུག མི་རྣམས་ཁ་བའི་མཛེས་སྡུག་གླེང་གིན་འདུག ཁ་བ་ལྷབ་ལྷུབ་ཏུ་འབབ་དུས། ངས་ཀྱང་ཁ་བའི་ཀློང་ནས་དུང་ལྷའི་མཛེས་སྡུག་འབྲི་གིན་ཡོད། ཁ་བ་བབས་བྱུང་། མཛེས་སྡུག་དང་རེ་བའི་ངང་བབས་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།