[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ​ ༄༅དུང་སེམས་ཡིད་ཀྱི་རླབས་ཕྲེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   གྲང་མཁར་དཀོན་ནོར།    |    སྤེལ་དུས།   2018-05-06

    སེམས་ཀྱི་མཁའ་དབྱིངས་སུ་ལྡིང་བའི། །

    རོལ་སྒེག་ཐ་སྙད་ཀྱི་བྱིའུ་ཆུང་། །

    དྲུག་འགྱུར་སྙན་དབྱངས་ཀྱི་རམ་བུ། །

    ངག་རིག་སྐྱེད་ཚལ་འདིར་སྩོལ་ཞིག །


    འཁྲུལ་སྣང་འཁོར་བ་ཡི་ཐང་ཁར། །

    སྒྱུ་མའི་བྲོ་གར་ཞིག་འཁྲབ་ལ། །

    གཞི་ཡི་རང་མདངས་སུ་རྟོགས་ན། །

    སྣང་བ་འཛིན་མེད་ངང་གློད་ཆོག །


    དབྱར་གསུམ་འདབ་བརྒྱ་ཡི་ཀློང་དུ། །

    ཟོལ་མའི་གཡབ་མོ་ཡིས་མ་ཁུགས། །

    སྟོན་ཟླའི་གུར་ཀུམ་གྱི་ཚལ་དུ། །

    གཡུ་སྦྲང་བྱོན་པ་དེ་ལེགས་སོ། །


    ཞལ་ཁྱིམ་པདྨ་ཡི་ཐང་དུ། །

    ཁྲིག་ཁྲིག་སྤྱན་མིག་གི་བུང་བ། །

    ལྡེམ་ལྡེམ་གར་སྟབས་ལ་རོལ་ཚུལ། །

    ཐོག་མའི་མཇལ་འཛོམས་ཀྱི་བག་ཆགས། །


    འཇམ་སྙན་གསུང་གླེང་གི་བདུད་རྩི། །

    བརྡ་རླབས་འོད་སྐུད་ཀྱི་སྦུག་ནས། །

    ཡིད་ཀྱི་མཚོ་མོ་རུ་ཐིམ་དུས། །

    ལྡེམ་ལྡེམ་རླབས་ཕྲེང་འདི་འཕྱུར་སོང་། །


    སྒེག་འགྲོས་དར་དིར་གྱི་གཤོག་རྡེབ། །

    ཁོ་བོའི་མཐོང་ལམ་དུ་བསྒྱུར་དུས། །

    སྙིང་ཁམས་རྒྱ་མཚོ་རུ་བསྟིམས་པའི། །

    དུང་སེམས་རླབས་ཕྲེང་འདི་འཐོར་སོང་། །


    ཁྱེད་སེམས་ཆུ་ཤེལ་གྱི་བཞིན་རས། །

    བཅོས་མའི་གྲིབ་མ་ཡིས་མ་བསླད། །

    ང་སེམས་ཀུ་མུད་ཀྱི་ཚལ་འདི། །

    ཐུན་དྲུག་འཛུམ་ཞལ་གྱིས་སྐྱོངས་རོགས། །


    ཁོ་བོ་གངས་འདབས་ཀྱི་ཆུ་ཕྲན། །

    ཁྱེད་ཉིད་ཞིང་ཐང་གི་གང་བུ། །

    ཟུངས་ཁྲག་གངས་རི་ཡིས་སྟོབ་ཅིང་། །

    རྣམ་ཤེས་གངས་དཀར་ལ་འཐིམ་ཡོད། །


    བདག་བློའི་དུང་སེམས་ཀྱི་ས་བོན། །

    དྲོན་མོའི་ཞལ་རླངས་ཀྱིས་སྐྱོངས་དང་། །

    ཁྱེད་སེམས་ཐན་སྐྱོན་གྱིས་གཙེས་དུས། །

    ཞི་བསིལ་འདབ་ལོ་ཞིག་བསྒྲོན་འདོད། །


    ཆགས་བཅས་བརྩེ་བ་ཡི་སེམས་འདི། །

    དུས་གསུམ་རྒྱལ་བ་ལ་ཁྲེལ་ཡང་། །

    ཚེ་རབས་ངེས་མེད་ཀྱི་ཆད་ཐོར། །

    ལས་འབྲས་དམ་ཕྲུག་འདི་བཙན་ཨང་། །


    སྐྱེ་གནས་ངེས་མེད་དུ་བཏབ་པའི། །

    སྐབས་ཤིག་མཇལ་འཛོམས་ཀྱི་ཆད་མདོ། །

    ལས་ཀྱི་རླུང་བུ་ཡིས་བསྐུལ་ཚེ། །

    ལམ་འཁྱེར་གདམས་ངག་གིས་སྲུངས་དང་། །


    ལྷག་བསམ་གངས་དཀར་གྱི་འདབ་མ། །

    གཡོ་མེད་འཛིན་མ་རུ་འཐིམ་ན། །

    སང་ལོའི་དྲོ་སྐྱིད་ཀྱི་དཔྱིད་དཔལ། །

    འདི་སྣང་འདུན་མ་རུ་བསྒོམ་ཆོག །


    ཟོལ་བསྟོད་དུག་ཅན་གྱི་ཚིག་མདའ། །

    ལག་སོར་གཞུ་རྒྱུད་ལས་མ་འཐོར། །

    བདག་ཡིད་བླ་མཚོ་ལས་བརྡོལ་བའི། །

    འབྲུ་ཕྲེང་འོད་དཀར་གྱི་ཟེགས་མ། །


    སེམས་ཀྱི་རས་གཞི་ཡི་ངོས་སུ། །

    རབ་གསལ་སྙིང་གཏམ་གྱི་རེ་ཁ། །

    མ་འདྲེས་ཐར་ཆགས་སུ་བཀོད་ནས། །

    མ་གསང་སྲོང་པོ་རུ་བརྡལ་ཡོད། །


    བརྩེ་བ་ལྷོག་ལྷོག་ཏུ་འཕྱུར་བའི། །

    ཡིད་ཁམས་མཚོ་མོ་ཡི་གཞུང་དུ། །

    ཆུ་བྱའི་ཞེ་འདོད་དང་འགྲིག་ན། །

    ཞབས་ལམ་མཚོ་ཁ་རུ་ཕོབས་ཤོག །

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།