[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ​ སེམས་ཀྱི་ཕྱི་ནང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ རྣམ་གླིང་རིན་ཆེན།    |    སྤེལ་དུས།   2018-04-29

    གཡང་སྐྱབས་ཀྱིས་མཚན་མོ་མང་པོར་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར། ད་གཟོད། རང་ཉིད་དང་ལོ་མང་མཉམ་དུ་གཤིབས་པའི་གཡག་རྒན་རོག་པོ་དེ་ལྷས་ར་ནས་བཙན་གྱིས་ཁྲིད་དེ་ཐད་ཀར་ཁ་ཆེའི་ཚོང་པ་ཡོད་སའི་བཤས་རར་སོང་། ཕྱི་རོལ་དུ་གྲང་རླུང་འུར་འུར་དུ་ལྡང་བཞིན་འདུག རྣ་ལ་གཟན་པའི་གྲང་རླུང་གི་འུར་སྒྲ་དེས་ཁོའི་སེམས་ཀྱི་ལྷིང་འཇགས་དཀྲུགས་པ་མ་ཟད། གྲང་ཅང་ཅང་གི་འཁྱག་རླུང་དེས་ཁོའི་རྐང་མཐིལ་ནས་མགོ་བརྩམས་ཏེ་དལ་གྱིས་ལུས་ཕུང་ཧྲིལ་པོར་གྲང་འདར་ཞིག་རྒྱག་ཏུ་བཅུག

    ད་ནི་དགུན་ཟླ་གསུམ་པར་སླེབས་པས། ཕྱི་རོལ་གྱི་ནམ་ཟླ་ཧ་ཅང་གྲང་། གྲང་རླུང་ངར་མས་ཁོའི་རྣ་ཅོག་ཟུང་གྲང་ཞིང་མཁྲེགས་པའི་གོར་མ་རྡོ་ལྟར་གྱུར་ཞིང་། འགྲམ་པ་གཡས་གཡོན་གྱི་མཁུར་ཚོས་ཟུང་བྱུ་རུ་བཞིན་དམར་པོར་བཏང་ཡང་། ཁོས་སྔར་རྒྱུན་བཞིན་གཡག་རྒན་གྱི་སྣ་ཐིག་ནས་བཟུང་སྟེ་ནུས་ཤུགས་ཡོད་རྒུས་གོམ་པ་མདུན་དུ་སྤོ་མཚམས་གཏན་ནས་འཇོག་མ་མྱོང་། ལམ་བར་དུ་ཁོས་གཡག་རྒན་རོག་པོའི་སྣ་ཐིག་ནས་བཟུང་སྟེ་མདུན་དུ་སྐྱོད་བཞིན་དོན་དག་མང་དག་ཅིག་ལ་འདང་རྒྱག་བྱས། ཁོ་རང་འཚོ་གནས་བྱ་ཡུལ་གྱི་ཡངས་ཤིང་མུ་མཐའ་བྲལ་བའི་རྩྭ་ཐང་དེའི་ཐོག་ཁོ་ལ་མཚོན་ན་གཡག་རྒན་རོག་པོ་ནི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་དང་འདྲ་བར། ཆུང་དུས་ནས་ཁོ་རང་གཡག་རྒན་རོག་པོའི་མིག་འོག་ཏུ་དལ་གྱིས་འཚར་ལོངས་བྱུང་བ་ཞིག་རེད་ཨང་། དུས་རྒྱུན་གཡག་རྒན་རོག་པོས་ཁོ་མཐོང་མ་ཐག་བདག་པོ་ངོས་བཟུང་སྟེ་མགོ་བོ་ལན་འགའ་གཡུག་བཞིན་ཁོ་ལ་སྙིང་ཉེ་བའི་རྣམ་འགྱུར་ཞིག་བསྟན་ངེས་ཤིང་། ཁོས་ཀྱང་དུས་རྒྱུན་ས་ཐག་རིང་མོ་ནས་གཡག་རྒན་རོག་པོ་མཐོང་མ་ཐག་ཁྱིམ་དུ་སླེབས་པའི་ཚོར་བ་སྐྱིད་སྣང་ཞིག་ངམ་ཤུགས་སུ་སྐྱེ་བཞིན་ཡོད་པས། ཁོ་གཉིས་དབར་བརྩེ་དུང་ཧ་ཅང་ཟབ། འོན་ཀྱང་། ཉིན་འགའི་གོང་དུ་ཁོའི་ཆུང་མ་ནད་ཀྱིས་མནར་ཏེ་སྨན་ཁང་དུ་ལུས་པས། ཁོས་སྨན་རིན་འཚོལ་བའི་སླད་དུ་གྲོང་པ་ཁྱིམ་མཚེས་ཚོའི་གམ་དུ་དངུལ་གཡར་བར་སོང་ཡང་། ཁོ་ལ་དངུལ་སྐར་ལི་གཅིག་ཀྱང་གཡར་མཁན་མ་བྱུང་། མཐའ་མར་ཁོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བས། ད་གཟོད་སེམས་ཀྱིས་མ་བཟོད་ཀྱང་གཡག་རྒན་རོག་པོ་དེ་མ་འཚོང་ཐབས་མེད་དུ་གྱུར། ངོ་མ་བཤད་ན། ཁོ་དང་གཡག་རྒན་རོག་པོའི་བར་ལ་སྤྱིར་བཏང་མིན་པའི་བརྩེ་དུང་ཞིག་ཆགས་ཡོད། འདས་སོང་གི་ལོ་ཟླ་དུ་མའི་ནང་ཁོས་གཡག་རྒན་རོག་པོར་ཁལ་བཀལ་ཏེ་ཤར་ནས་ནུབ་དང་། ལྷོ་ནས་བྱང་གི་ས་ཆ་དུ་མ་འགྲིམས་པས། གཡག་རྒན་རོག་པོས་ཁོ་ལ་རྔོ་ཆེན་པོ་ཐོགས་ཡོད། གནད་དོན་དེ་དག་ལ་བསམ་བློ་འཁོར་དུས། ཁོས་གཡག་རྒན་རོག་པོར་སྙིང་རྗེ་དང་གདུང་སེམས་ཀྱི་བསམ་པ་དྲག་པོ་སྐྱེས་ཏེ། མིག་ཟུང་ལ་མཆི་ཞགས་བར་མེད་འཁོར། འོན་ཀྱང་། གཡང་སྐྱབས་ལ་ཆ་མཚོན་ན། ཁོ་ལ་དེ་མ་གཏོགས་སྨན་རིན་འཚོལ་བའི་ཐབས་གཞན་ཡོད་དམ། ཁོའི་ཕ་མེས་ཡང་མེས་ཀྱི་དུས་ནས་ནོར་གནག་ཁོ་ནར་བརྟེན་ཏེ་འཚོ་གནས་བྱེད་ཀྱིན་ཡོད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ས་ཞིང་མེད་ལ། དཔལ་འབྱོར་གྱི་ཡོང་ཁུངས་གཏན་ནས་མེད་པའི་ཁོ་རང་འཚོ་གནས་བྱ་ཡུལ་གྱི་འབྲོག་ཁུལ་དེར་མཚོན་ན། ཁོ་ཚོ་མི་རབས་དུ་མའི་རིང་ནོར་གནག་ཁོ་ན་འཚོ་རྟེན་གཅིག་པུར་གྱུར་བས། ཁོ་ལ་ཐབས་བཀོད་གཞན་ཅི་ཡང་མ་མཆིས། དོ་ནུབ་ནམ་མཁའ་ན་སྐར་ཚོགས་མི་འདུག ཁོས་མིག་མདུན་གྱི་ཡོད་ཚད་ནག་ཆིལ་ཆིལ་དུ་མཐོང་། ཁོ་ལ་གློ་བུར་དུ་འཇིགས་སྣང་ཞིག་སྐྱེས། “འགྲོ་བ་མི་ཞེས་པ་ངོ་མ་ཅི་འདྲའི་གདུག་རྩུབ་ཅིག་དང་། དུད་འགྲོ་སེམས་ཅན་ཞེས་པ་ངོ་མ་ཅི་འདྲའི་ཉམ་ཆུང་ཞིག་རེད་ཨང་། ན་སོ་གཞོན་དུས་འགྲོ་བ་མིས་མ་འདོད་བཞིན་དུ་གང་འདོད་དུ་བཀོལ་ཞིང་། ན་སོ་རྒས་དུས་མྱུར་དུ་བཤས་རར་སྐྱེལ་བཞིན་ཡོད་པ་རེད་ཨང”ཁོས་དེ་ལྟར་ཆིག་ལབ་རྒྱག་ཞོར། རང་ཉིད་ཀྱི་བྱེད་ལུགས་ལ་ཁོང་ཁྲོའི་བསམ་པ་ཞིག་ཀྱང་ངམ་ཤུགས་སུ་སྐྱེས། ལྷག་པར་དུ་བྱམས་དང་སྙིང་རྗེ་གཙུག་ཏུ་བཀུར་བའི་ཁོ་རང་འཚོ་གནས་བྱ་ཡུལ་གྱི་འབྲོག་ཁུལ་དེར་མཚོན་ན། གནས་དེའི་འབྲོག་པ་མང་པོ་ཞིག་གིས་དུས་རྒྱུན་ནོར་ལུག་བཤས་རར་བསྐྱལ་རྒྱུ་ལྟ་ཅི། ཐ་ན་བེའུ་དང་ལུ་གུ་སོགས་ཀྱི་གྲོད་པ་ལྟོགས་པར་ལུས་དོགས་ཀྱིས་དུས་རྒྱུན་འབྲི་དང་ར་ལུག་གི་འོ་མ་འཇོ་བར་ཡང་འཛེམས་ཀྱིན་ཡོད་ལ། འབྲོག་པ་མང་པོ་ཞིག་གིས་ནོར་གནག་མང་དག་ཅིག་རི་མགོར་དེད་དེ་ཚེ་ཐར་གཏོང་བཞིན་ཡོད་པས། གནད་དོན་དེ་དག་ལ་བསམ་གཞིག་བྱེད་དུས། གཡང་སྐྱབས་ཀྱིས་རང་ཉིད་ཀྱི་སྦྱོར་བ་དེ་འདྲ་བརྩམས་པར་སེམས་དབུས་སུ་གནོང་འགྱོད་ཀྱི་བསམ་པས་ཡོངས་སུ་ཁེངས།

    བཤས་ཁང་གི་སྒོ་འགྲམ་དུ་མི་ཚོགས་ཧ་ཅང་སྟུག ཞྭ་མོ་དཀར་པོ་གྱོན་པའི་ཁ་ཆེའི་ཚོང་པ་རྒན་གྲས་དེས་གཡང་སྐྱབས་ཀྱིས་ཁྲིད་འོང་བའི་གཡག་རྒན་དེ་མཐོང་བས་ཁོའི་ངོ་གདོང་ལ་འཛུམ་མདངས་ཤིག་ངང་གིས་འཕྱུར་འོངས། ཁ་ཆེའི་ཚོང་པ་གཞན་ཞིག་གིས་གཡང་སྐྱབས་ཀྱི་མིག་ཟུང་གི་མཐོང་ཡུལ་དུ་འབྲོང་འདྲ་བའི་གཡག་ཅིག་གི་སྐེ་ལ་གྲི་བཙུགས་ཏེ་སེ་གོལ་ཏོག་ཅིག་གི་ཡུན་ལ་ཚེ་སྲོག་གི་གསོན་ཤུགས་ཀྱིས་ཕྱུག་པའི་སེམས་ཅན་གསོན་པོ་དེའི་དབུགས་ཀྱི་རྒྱུ་བ་བཅད་སོང་། གཡང་སྐྱབས་ཀྱིས་མིག་མདུན་གྱི་གདུག་རྩུབ་ཀྱི་གནས་ཚུལ་དེ་མཐོང་འཕྲལ། ཁོའི་ལུས་ཡོངས་རློན་ཤུར་ཤུར་དང་། འདར་སིག་སིག་བྱེད་ཅིང་། དམར་ཆིལ་ཆིལ་དུ་བཞུར་བའི་ཁྲག་དམར་དང་། སྨྲེ་སྔགས་ཀྱི་འཁུན་སྒྲ མཆི་མ་ཁྲུམ་ཁྲུམ་དུ་བཞུར་འོང་བའི་གཡག་རྒན་དེའི་མིག་ཟུང་སོགས་ཁོའི་ཡིད་ངོར་དྲན་ཐེངས་རེར། ཁོའི་ལུས་ཕུང་རང་དབང་མེད་པར་ལྕུག་ལྕུག་ཏུ་འདར། “ཨ་རོག གཡག་རྒན་དེ་འཚོང་རྒྱུ་ཡིན་ནམ”ཁ་ཆེའི་ཚོང་པ་རྒན་གྲས་དེས་གཡང་སྐྱབས་ལ་དེ་ལྟར་དྲིས། “མིན། འཚོང་རྒྱུ་མིན”གཡང་སྐྱབས་ཀྱིས་དེ་ལྟར་རྗོད་བཞིན་གཡག་རྒན་རོག་པོའི་སྣ་ཐིག་ནས་བཟུང་སྟེ་ཕྱིར་ལོག་རྩིས་བྱས། མཚམས་འདིར་གཡང་སྐྱབས་ཀྱི་སེམས་སུ་ཐེ་ཚོམ་སྐྱེས། གཡག་རྒན་རོག་པོ་དེ་ལྟར་བཙོངས་ན། ཁ་ཆེའི་ཚོང་པ་དེ་ཚོས་ཡ་ང་སྙིང་རྗེ་གཏན་ནས་མེད་པར་གཡག་རྒན་རོག་པོ་རང་ཉིད་ཀྱི་མིག་ཟུང་གི་མཐོང་ཡུལ་དུ་བཤའ་ངེས་པས། ངས་སྡིག་པ་གནམ་ལ་མི་ཤོང་བ་ཞིག་གསོག་ངེས་རེད། ཁོས་དེ་ལྟར་བསམས།

    འོན་ཀྱང་། སྨན་ཁང་གི་ནད་ཁྲིའི་ཐོག་ལུས་པའི་ཆུང་མའི་ངོ་མདོག་སྐྱ་བོ་དེ་དྲན་ན། ཁོས་གཡག་རྒན་རོག་པོ་ངེས་པར་དུ་འཚོང་དགོས་སྙམ། ཁོའི་སེམས་པ་རེ་ཞིག་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ཇི་བཞིན་ཅི་བྱ་གཏོལ་བྲལ་དུ་གྱུར། ཁོས་ཁུག་མ་ནས་ཐ་མག་གི་སྒམ་ཆུང་ཞིག་བཏོན་ཏེ་དེ་ལ་མེ་བསྒྲོན་ནས་ཤེད་ཀྱིས་རྔུབ། “ངའི་གཡག་རྒན་འབྲོང་འདྲ་བ་འདི་ལ་ཁྱོད་ཀྱིས་སྒོར་ག་ཚོད་སྤྲོད” “སྒོར་སྟོང་གཅིག་དང་ལྔ་བརྒྱ་སྤྲོད། ཅི་འདྲ་འདུག”ཁ་ཆེའི་ཚོང་པ་དེས་ཐ་མག་རྐང་གཅིག་ལ་མེ་སྒྲོན་ཞོར་དེ་ལྟར་བཤད། ཁ་ཆེའི་ཚོང་པ་དེས་གཡང་སྐྱབས་ཀྱི་གཡག་རྒན་རོག་པོར་གོང་ཚད་དམའ་པོ་དེ་འདྲ་འབོད་དོན་ནི་གཡག་རྒན་གྱི་ཤ་ཤེད་བཟང་རྒྱུ་མེད་པས་ག་ལ་ཡིན། དེ་ནི་ཁོ་ཚོས་གཡང་སྐྱབས་ཀྱི་བྲེལ་འཚུབ་དང་དངངས་འཚབ་ཀྱི་རྣམ་པ་དེ་མཐོང་བས་ཡིན། གཡང་སྐྱབས་ཀྱིས་གོང་ཚད་ཇི་ལྟར་གཏམས་ཀྱང་ཞྭ་མོ་དཀར་པོ་གྱོན་པའི་ཁ་ཆེའི་ཚོང་པ་དེ་དག་གིས་གོང་ཚད་མཐོ་པོ་སྤྲད་ནས་གཡག་རྒན་རོག་པོ་དེ་ཉོ་རྩིས་མེད་པ་ཤེས་སྟབས། གཡང་སྐྱབས་ཀྱང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཏེ་མཐར་སྒོར་སྟོང་གཅིག་དང་ལྔ་བརྒྱ་བྱས་ཏེ་གཡག་རྒན་གྱི་སྣ་ཐིག་ཁ་ཆེའི་ཚོང་པ་རྒན་གྲས་དེའི་ལག་ཏུ་སྤྲད། གཡག་རྒན་རོག་པོའི་མིག་ཟུང་གཡང་སྐྱབས་ལ་ཅེ་རེར་ལྟ་བཞིན་འདུག གཡག་རྒན་རོག་པོས་གཡང་སྐྱབས་ལ་ཕམ་སེམས་སྐྱེས་པ་ཇི་བཞིན་གཡང་སྐྱབས་ཀྱིས་ཀྱང་རང་ཉིད་ཀྱི་སྦྱོར་བ་ལ་ཕམ་སེམས་ཆེན་པོ་སྐྱེས། མཚན་མོ་དེར་ཁ་བ་ཆེན་པོ་ཞིག་བབས། གཡང་སྐྱབས་ཀྱི་མིག་མདུན་གྱི་ཡོད་ཚད་སྐྱ་ཆིལ་ཆིལ་དུ་གྱུར། ཁོས་གློ་བུར་དུ་རང་ཉིད་ཀྱི་བྱིས་དུས་ཀྱི་འཚོ་བ་དག་དྲན། འབུ་སྲིན་གྲོག་མ་ཙམ་ཞིག་གི་སྲོག་གཅོད་པར་ཡང་འཛེམ་པའི་ཆུང་དུས་ཀྱི་གཡའ་དག་དྭངས་གཙང་གི་འཚོ་བ་དག་དྲན། ད་དུང“བྱམས་དང་སྙིང་རྗེ་ཅན་གྱི་བུ”ཞེས་བསྟོད་ཚིག་གི་མེ་ཏོག་གཏོར་བའི་ཕ་མའི་གསུང་ངག་དག་ཀྱང་དྲན། གཡག་རྒན་རོག་པོ་དང་ཁོའི་བར་གྱི་ལས་དབང་དེ་ལྟར་མཇུག་རྫོགས་སོང་། གཡག་རྒན་བཙོངས་ཟིན་པས་ཁོའི་སེམས་པ་མཚོ་ཐོག་གི་གྲུ་ཆུང་ཇི་བཞིན་ལྷོད་ལ་གཏན་ནས་འབབ་ཐབས་བྲལ། ཁོས་ད་ནི་རང་གི་འཚོ་བའི་སླད་དུ་སྡིག་པ་ཆེན་པོ་བསགས་སོང་སྙམ། ཁོའི་ཡིད་སེམས་ཕྲ་མོ་ཡིད་ཆད་དང་གནོང་འགྱོད་ཅིག་གམ། ཡང་ན་རང་ཉིད་ལ་འཁང་སེམས་ཞིག་གིས་ཡོངས་སུ་གནོན་འདུག

    ཕྱི་ཉིན་ཞོགས་པ་སྔ་པོ་ནས་ཁོས་མལ་ལས་ལངས་ཏེ་གཡག་རྒན་རོག་པོ་བཙོངས་པའི་དངུལ་སྒོར་ཆིག་སྟོང་ལྔ་བརྒྱ་དེ་འཁྱེར་ནས་སྨན་ཁང་དུ་ཆུང་མར་ལྟ་བར་སོང་། སྨན་ཁང་གི་སྨན་གཡོག་གིས་བཤད་ན། ཁྱོད་ཀྱི་ཆུང་མའི་གཟུགས་པོ་ཤིན་ཏུ་སྐྱོ་བས་ཤ་དང་ཤིང་ཏོག་སོགས་ཀྱི་འཚོ་བཅུད་ལྡན་པའི་ཟས་རིགས་འགའ་ཉོས་ཏེ་ཆུང་མའི་ལུས་ཟུངས་གསོ་དགོས་ཟེར། ཁོས་མྱུར་དུ་ཤ་ཁྲོམ་དུ་སོང་ནས་ཤ་ཉོ་བར་ཕྱིན། ཁྲོམ་རའི་ཐོག་ཤ་ཡི་གོང་ཚད་ཧ་ཅང་མཐོ། འོན་ཀྱང་ད་ལྟ་ཆུང་མའི་ལུས་པོ་ཧ་ཅང་ཞན་པས་ཁོས་ངེས་པར་དུ་གཡག་ཤ་བཞི་ལིང་ཞིག་ཉོས་ཏེ་ཆུང་མའི་ལུས་ཟུངས་གསོ་དགོས་པས། ཁོ་ལའང་ཐབས་ཅི་ཡང་མེད། ཁོས་དེ་འཕྲལ་གཡག་རྒན་རོག་པོ་བཙོངས་པའི་དངུལ་སྒོར་ཆིག་སྟོང་ལྔ་བརྒྱ་དེ་སྤྱད་ནས་གཡག་ཤ་བཞི་ལིང་ཞིག་ཉོས། གློ་བུར་དུ་ཁོས་རང་གི་བསམ་སྦྱོར་ལ་དགོད་ཁ་ཞིག་འཆོར། རང་ཉིད་ཀྱི་གླེན་རྟགས་ཅན་གྱི་ཉོ་ཚོང་དེ་ལ་དགོད་ཁ་རེ་འཆོར་འོང་། ཁོ་ཡིད་ཐང་ཆད་པའི་ངང་སྨན་ཁང་དུ་འབྱོར། བསམ་ཡུལ་ལས་འདས་པ་ཞིག་ལ། ཁོའི་ཆུང་མའི་དབུགས་ཀྱི་རྒྱུ་བ་སྔ་མོ་ནས་ཆད་ཟིན་འདུག ཁོའི་མིག་མདུན་གྱི་ཡོད་དོ་ཅོག་ནག་རོག་རོག་ཏུ་གྱུར། “ངོ་མ་རེད། དེ་ནི་རྣམ་སྨིན་རེད་ཡཱ”ཁོས་དེ་ལྟར་ཁ་ནས་གསལ་ལ་མི་གསལ་ངང་མུར་མུར་གྱི་ཆིག་ལབ་འགའ་རྒྱག་ཞོར་སྨན་ཁང་ལས་ཕྱིར་ཐོན། ཁོའི་སེམས་པ་སྐད་ཅིག་ཉིད་དུ་སྐྱོ་གདུང་གི་ཀློང་དུ་ཚུད། ལམ་བར་དུ་ཁོ་ནི་བླ་འཁྱེར་ཟིན་པའི་བར་དོའི་སེམས་སྟོང་དང་འདྲ་བར་ཚོར་བ་གཞན་ཅི་ཡང་མེད་པའི་ཁར། ཁོའི་མིག་མདུན་དུ་གཡག་རྒན་རོག་པོ་དང་ཆུང་མའི་ངོ་གདོང་རེས་མོས་ཀྱིས་འཆར་འོངས། སྐབས་དེ་དུས། མཁའ་མཐའི་ཉིན་བྱེད་ཀྱི་གཞོན་ནུ་དེའང་ཆུ་ལྷའི་ལྷ་མོའི་བསླུ་བྲིད་དང་འགྲོགས་ནས་དལ་བ་དལ་བུར་རྒྱང་དུ་བཞུད་སོང་། ས་གཞི་ཧྲིལ་པོར་ཤུལ་དུ་ལུས་པ་ནི་ཉི་མའི་དྲོད་ཁོལ་གྱི་རྗེས་ཤུལ་ཙམ་དང་། ནག་ཅིང་སྟུག་པའི་སྨག་རུམ་གྱི་ལྭ་བ་ཙམ་ལས་གཞན་ཅི། མཚན་མོ་དེར། གཡང་སྐྱབས་གང་ལ་བུད་སོང་། དགེ་བ་དང་བྱམས་སེམས་ཀྱི་བསམ་པ་རུམ་གང་བཅངས་ནས་འཇིག་རྟེན་འདིར་སླེབས་ཤིང་། འགྱོད་གདུང་དང་ཡིད་ཆད། ན་ཟུག་དང་སྡིག་པ་ཡི་བསམ་པ་རུམ་གང་འཁྱེར་ནས་འཇིག་རྟེན་འདི་དང་གྱེས་སོང་། ཉི་མ་ནུབ་ཟིན། འཇིག་རྟེན་ཧྲིལ་པོ་མག་མོག་ཏུ་གྱུར་སོང་། མག་མོག་ཏུ་གྱུར་སོང་། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།