[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ང་དང་རིག་པའི་གནས་ལམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ཚེ་དབང་ལྷ་མོ།    |    སྤེལ་དུས།   2018-04-29

    རྣམ་རིག་བློ་གྲོས་ཆེས་ཆེར་རྒྱས་དུས་སློབ་གླིང་པད་མའི་དགའ་ཚལ་འགྲིམས། །

    དུས་ཚོད་གསེར་སྦྱང་བཙོ་མའི་རིན་ཐང་གཅེས་སྤྲས་ལེགས་པར་བྱེད་བཞིན་དུ། །

    གོམས་འདྲིས་མེད་པའི་ཡུལ་གྲུ་ཞིག་ཏུ་བརྩོན་པའི་དཀའ་བ་དང་དུ་བླངས། །

    ལས་སྨོན་བཟང་པོའི་མཐུ་ལ་བརྟེན་ནས་རིག་པའི་གནས་ལ་ཐོས་བསམ་བྱས། །

    ཤེས་བྱའི་ལྡུམ་རའི་མཚར་སྡུག་ཁྲོད་དུ་བུང་བ་གཞོན་ནུའི་རྩལ་སྦྱང་ཞིང་། །

    ལེགས་བཤད་བདུད་རྩིའི་བཅུད་དུ་བསྒོམ་ནས་འོད་སྟོང་འབར་བའི་ལམ་དུ་འཕུར། །

    མཐོན་མཐིང་དབྱིངས་སུ་ལྡིང་བསྐོར་རྒྱག་དུས་སྡང་སེམས་ཆར་རླུང་དྲག་ཏུ་འཚུབ། །

    སྒྲོ་ཐུར་ལན་མང་ཆག་ལ་ཁད་ཀྱང་ཡིད་ཐང་མ་ཆད་ནམ་འཕང་བཅད། །

    ཉོན་མོངས་དུག་གི་ཕུང་པོའི་གསེབ་ཏུ་ཡུན་དུ་འཚོས་པའི་བརྒྱུད་རིམ་ནང་། །

    དགའ་སྐྱོ་འདྲེས་མའི་མེ་རི་འབར་ཏེ་ལུས་འདི་ལན་མང་བསྲེགས་གྱུར་ཀྱང་། །

    འདི་ནི་འཁོར་བའི་ཆོས་ཉིད་སེམས་ཏེ་དགའ་བའི་སེམས་ཀྱིས་དང་དུ་ལེན། །

    འབད་པའི་རྩོལ་བ་ཤུགས་ཀྱིས་བསྐྱེད་ནས་མི་ཚེའི་རིན་ཐང་འཚོལ་དུ་ཆད། །

    མི་རྟག་སྲིད་པའི་དོ་ར་འདི་རུ་དལ་འབྱོར་ཐོབ་ཀྱང་དགའ་བ་ཅི། །

    རྟག་ཏུ་གནོག་ཆུང་ལས་ཀྱིས་བྲན་ནས་ཕུགས་འདུན་འཚོལ་བའི་སྐལ་བ་འཕྲོག །

    མེས་པོས་བཞག་པའི་བཅུ་ཕྲག་རིག་པའི་གདམས་ངག་ཟབ་ཆོས་ཟུར་ཙམ་ཡང་། །

    བློ་རུ་མི་ཆུད་དུས་ཀྱི་མཛའ་མོ་རིང་དུ་སོང་བས་འགྱོད་པས་མནར། །

    སྡེབ་ལེགས་སྙན་པའི་ཚིག་སྦྱོར་མེད་ཀྱང་མ་ཡིག་ལམ་ནས་རྩོམ་འབྲིར་ཞུགས། །

    དོན་སྙིང་ཟབ་པའི་བརྗོད་དོན་མེད་ཀྱང་རང་སེམས་ཕྲ་མོའི་ཚོར་འདུ་འཁྱིལ། །

    འདས་དང་མ་འོངས་དུས་ཀྱི་མཚམས་ནས་བསམ་གཞིག་ཤོག་བུའི་ངོས་སུ་ཤོར། །

    འཇོན་དང་མི་འཇོན་ངེས་མེད་ཡིན་ཡང་ཕྱིར་འཐེན་མི་སྲིད་ང་ཡི་གཤིས། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།