[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • མ་ཡུམ་དགྱེས་པའི་བཀྲ་ཤིས་མཆོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལྕང་བུ་ཆུང་།    |    སྤེལ་དུས།   2018-02-11

    ཀོ་ཀིའི་དབྱངས་སྙན་གཞན་གསོས་བུ་མོ་བྱོན་དང་ལྷན།།

    ཁོར་ར་ཁོར་ཡུག་ཚ་ཟེར་མ་མའི་དྲོད་ཀྱིས་ཁེངས།།

    གོ་མེད་ཚོར་མེད་ལོ་ཡི་འཁོར་མོ་གསར་དུ་ཚེས།།

    ངོ་གནོང་མེད་པའི་ལོ་རྙིང་བསྐྱལ་ནས་ལོ་གསར་བསུ།།

    ང་ཅག་སྤྲོ་བའི་ལོ་གསར་དགའ་སྟོན་འདི་དང་བསྟུན།།

    ག་བུར་རྡུལ་བྲལ་སེམས་ནས་བླངས་པའི་བསྟོད་དབྱངས་དེ།།

    ཁ་བའི་ལྗོངས་ཀྱི་ལོངས་སྤྱོད་རྫོགས་པའི་གཞིས་ཁྱིམ་ནས།།

    ཀ་ཕྲེང་བརྒྱུད་དེ་མ་ཡུམ་མེས་རྒྱལ་སྙན་དུ་གསོལ།།

    ཅི་བསམ་དོན་གྲུབ་རེ་བའི་ཁུག་མ་མ་ཁེངས་ཀྱང་།།

    ཆིག་དྲིལ་དུས་བདེའི་མངའ་ཐང་ལོངས་སྤྱོད་ཡར་ཟླའི་དཔལ།།

    ཇི་བཞིན་བསམ་པའི་དོན་གྱི་འབྲས་བུ་མ་ལོན་ཀྱང་།།

    ཉིན་རེར་མ་བསྡད་འབྱོར་འབྲིང་ཕྱོགས་སུ་བསྐྱོད་འདི་བཟང་།།

    ཏ་རེན་དཔོན་གྱི་མཛད་ཇུས་ཐུགས་དགོངས་མཚོ་བཞིན་ཟབ།།

    ཐ་མལ་འབངས་ཀྱི་འཚོ་བའི་འཁོས་ཀ་ལྷ་ཡི་དཔལ།།

    ད་དུང་འབྱུང་འགྱུར་དམིགས་ཚད་རྡོ་རིང་བརྗིད་ཅིང་བརླིང་།།

    ནག་ནོག་མ་འགོས་དཀར་གཙང་མཇལ་དར་ཡུལ་དེར་མཆོད།།

    པེ་ཧར་དམ་ལ་བཏགས་བཞིན་སྤྱོད་ཚུལ་བཞི་ཅན་དཔོན།།

    ཕེ་ཕེ་གཏན་འབེབས་བརྒྱད་ཀྱི་ལྕགས་དྲྭ་བཙན་པོའི་ནང་།།

    བེམ་པོའི་ངང་ཚུལ་འཛིན་དུ་འཇུག་པའི་ཁྲིམས་སྒོ་བཙན།།

    མེ་ལྕེའི་མདོག་ཅན་བསྟོད་པའི་དར་མཚོན་གང་དེར་མཆོད།།

    ཙ་རི་ལ་སོགས་ཕྱོགས་དང་མཚམས་མེད་གནས་མཆོག་ཏུ།།

    ཚ་ཚ་འུར་འུར་ལྗོངས་རྒྱུར་རོལ་མཁན་སྐར་ཚོགས་བཞིན།།

    ཛ་ཏིའི་རྩ་བ་ཕྱོགས་བཅུར་བསྲིངས་འདྲའི་རིམ་མཐོའི་ལམ།།

    ཝ་ལེར་སྐྲུན་པའི་དཔག་མེད་དགེ་མཚན་ཨེ་མ་མཚར།།

    ཞེ་མེར་ནག་ནོག་ར་རི་བྲལ་བའི་ནམ་མཁའ་སྔོ།།

    ཟེར་མདངས་མ་ལུས་ཅི་དགར་འཐུང་པའི་ས་གཞི་ཡངས།།

    འེ་ཅག་འཚོ་སའི་སྣོད་བཅུད་དཔལ་ཡོན་སླར་གསོས་ནས།།

    ཡེ་ནས་མངའ་བའི་ངོ་མཚར་མཛེས་པས་ཕྱུག་འདི་བཟང་།།

    རུ་དཔུང་ཤིག་ཤིག་ན་གཞོན་ཁྱུ་ཡི་བློ་གྲོས་ལ།།

    ལུང་དང་རིགས་པའི་ཤེས་རིག་སྦྱིན་པའི་སློབ་གླིང་ཡངས།།

    ཤུ་སྒྲ་ལྟ་བུའི་གྲགས་སྐམ་མིན་པའི་རོགས་སྐྱོར་གྱིས།།

    སུ་ཡང་མོས་པའི་སློབ་གསོའི་འདབ་སྟོང་ལྷུག་པར་གྲོལ།།

    ཧ་ལམ་མཐོ་རིས་ལྷ་ཡང་མོས་པའི་དགའ་ཚལ་ཞིག།

    ཧ་ཅང་རིང་བའི་ལོ་རྒྱུས་ཕྱུག་པའི་ཀྲུང་ཧྭའི་གཞིར།།

    ཨུ་ཚུགས་ཙམ་མིན་རང་བཞིན་ལྷུན་གྱིས་གྲུབ་དུས་འདིར།།

    ཨུ་དུམ་ཝ་རའི་མེ་ཏོག་སྟོང་གི་མཆོད་པ་འབུལ།།

    ཀི་ཀི་སྭོ་སྭོའི་དབྱངས་ཀྱིས་གནམ་ས་ཁེངས་པའི་ཚེ།།

    ཁུ་སིམ་བག་ལ་ཉལ་བའི་གྲུ་ཟུར་ཡོད་མ་ཡིན།།

    ཧ་ཧ་གཞས་དང་ཞབས་བྲོའི་འཁྲུག་ཆའི་བར་གསེང་ནས།།

    ཧེ་ཧེ་བསྟོད་པའི་སྙན་དབྱངས་ཀ་ཕྲེང་ལམ་ནས་གྱེར།།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།