[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ལོ་གསར་དང་བྱིས་དུས་ཀྱི་དྲན་འཆར།

    (གཟའ་འཁོར་གོང་མའི་འཕྲོ)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བུ་ཚེ་རིང་རྒན་པས།    |    སྤེལ་དུས།   2018-02-11

    ལོ་གསར་ཚེས་གཅིག་གི་ཞོགས་པའི་ཆུ་ཚོད་བཞི་པ་ལྔ་པའི་མཚམས་སུ་ཁྱིམ་འཛིན་མས་ཡར་ལངས་ཏེ་ཆང་འཁོལ་བསྐོལ་ཏེ་ཕུད་ཕུལ་རྗེས། ནང་མི་རྒན་གཞོན་རིམ་པ་བཞིན་ཚང་མའི་སྔས་མགོར་སོང་ནས་ཆང་འཁོལ་འདྲེན་པ་དང་། ནམ་མ་ལངས་གོང་གོས་རྒྱན་ལེགས་པར་བཀླུབས་ཤིང་ཆུ་ཟོམ་ལ་ཁ་བཏགས་སྒྲོན་པ་དང་། ལག་ཏུ་ཁ་བཏགས་དང་བསང་། ཞལ་ཟས་སོགས་ཀྱི་ཕུད་འཁྱེར་ཏེ་ཆུ་ཕུད་ལེན་པར་འགྲོ་དགོས། ཚེས་པ་གཅིག་ཉིན་གྱི་ཞོགས་པའི་ཆུ་ཕུད་དང་པོ་དེ་ཁྱིམ་ཚང་སུ་ཞིག་ལ་ཐོབ་ཚེ། ཁྱིམ་ཚང་དེ་ལོ་གང་བཀྲ་ཤིས་པ་དང་རླུང་རྟ་དར་བ་ཡོང་གི་ཡོད་ཟེར་བས། དུད་ཚང་ཚང་མས་ཆུ་ཕུད་དང་པོ་དེ་ཐོབ་ཐབས་བྱེད་པ་ཡིན། ཆུ་ཁར་སླེབས་རྗེས་སྔོན་ལ་ལྷ་བསང་བདུག་པ་དང་ཁ་བཏགས་སྒྲོན། དེ་ནས་ཞལ་ཟས་ཀྱི་ཕུད་རྣམས་ཕུལ་ཏེ་ལྷ་ཀླུ་གསོལ་རྗེས། ཆུ་ཕུད་ཀྱིས་ཕུད་གཏོར་ལན་གསུམ་བྱས་རྗེས་ཆུ་ཕུད་བླངས་ཏེ་རང་ཁྱིམ་དུ་ལོག་དགོས། ཆུ་ཟངས་ནང་གི་ཆུ་ཁེངས་རྗེས་ཆུ་ཟངས་ལ་ཁ་བཏགས་སྒྲོན་པ་དང་། མར་རམ་རྩམ་པས་ཡལ་སྒྲོན་ལེགས་པར་བསྒྲོན་རྗེས། ཆུ་སྒྲོམ་གྱི་ཐོད་དུ་ལྔ་ལྡན་དར་ལྕོག་བཏགས་ཏེ་བཀྲ་ཤིས་རྟེན་འབྲེལ་མཚོན་པར་བྱེད།

    ནམ་གསལ་ཏེ་ཁྱིམ་མི་རྣམས་ཡར་ལ་ལངས་རྗེས། ཕན་ཚུན་དབར་ལོ་གསར་པའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཁྱིམ་འཛིན་མས་ཇ་ཕུད་ཕུལ་ཏེ་ནང་མི་སོ་སོར་གསོལ་ཇ་འདྲེན་ཞིང་། དེ་ནས་ཞོགས་ཟས་ཀྱི་གྲ་སྒྲིག་བྱེད། དེ་ཡང་དང་ཐོག་གྲོ་མ་འབྲས་སིལ་བཟོས་ཏེ། འབྲས་སིལ་གྱི་ཕུད་ཕུལ་རྗེས་ཁྱིམ་མི་མཉམ་འཛོམས་ཀྱིས་འབྲས་སིལ་བཞེས། དེ་ནས་གྲོ་ཐུག་གམ་ནས་བཅག་གི་ཐུག་པ་འཐུང་ཞིང་ཤ་དང་ལུག་མགོ རྒྱུ་མ་སོགས་ལོངས་སུ་སྤྱོད་པ་ཡིན། གྲོ་ཐུག་ནི་གྲོ་ལེགས་པར་བཀྲུས་རྗེས་རྡོ་སོགས་ཀྱིས་བརྡུངས་ཏེ་ལེབ་མོར་བཟོས་ཏེ་སྐམ་པ་དང་། ནས་བཅག་ནི་ནས་གཙང་མར་བཀྲུས་རྗེས་གོང་གསལ་ལྟར་བརྡུངས་པ་དེ་ལེགས་པར་བཙོས་རྗེས། དེ་ལ་ཤ་དང་ཕྱུར་བ། གྲོ་མ་ལ་སོགས་པའི་ཐུག་རྫས་ནོམ་པར་བཏབ་སྟེ་ཡུན་རིང་སྐོལ་བས་བྲོ་བ་ཤིན་ཏུ་ཆེ། ཞོགས་ཟས་གྲུབ་རྗེས་ཁྱིམ་འཛིན་མས་ཚོན་མདོག་སྣ་ཚོགས་ཀྱིས་མཛེས་པར་བྱས་ཤིང་འབྲུ་དང་གྲོའི་སྙེ་མས་བརྒྱན་ཅིང་དཀར་གཙང་ཁ་བཏགས་བསྒྲོན་པའི་ཕྱེ་མར་གྱི་འབོ་ཐོགས་ཏེ། ནང་མི་རྒན་གཞོན་རིམ་པ་བཞིན་ལ་ཕྱེ་མར་འདྲེན་པ་དང་། ཁྱིམ་མི་ཚོས་ཕྱེ་མར་ཞུ་དུས་སྔོན་ལ་འབོའི་ནང་གི་གྲོ་དེ་ནས་རྐང་ཁ་ཤས་བླངས་ཏེ་ཕུད་གཏོར་ལན་གསུམ་དང་། དེ་ནས་ཕྱེ་མར་ནས་བླངས་ཏེ་ཕུད་གཏོར་ལན་གསུམ་གྱིས“མཆོད་ལོ་གསོལ་ལོ། དཀོན་མཆོག་གསུམ་གྱི་ཞལ་ལ་གསོལ་ལོ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་དྲོ་སྐུ་ཁམས་བཟང་། གཏན་དུ་བདེ་བ་ཐོབ་པར་ཤོག དུས་སང་ད་ཚོད་སླང་ཡང་ཁྲ་རོག་རོག་ལ་འཛོམས་རྒྱུ་ཡོང་བ་ཤོག”ཅེས་གསོལ་བ་སྨོན་ལམ་འདེབས་པ་དང་སྦྲགས་ཕྱེ་མར་ནས་རང་གི་ཁ་ནང་ཕྲན་བུ་བཟས་རྗེས། ཕྱེ་མར་འདྲེན་མཁན་གྱིས་ཕྱེ་མར་ནས་ཕྲན་བུ་བླངས་ཏེ་སྐྱེས་པ་ཕོ་ཡིན་ཚེ་དཔུང་པ་གཡས་དང་། བཟའ་མ་བུད་མེད་ཡིན་ཚེ་དཔུང་པ་གཡོན་དུ་དཀར་རྟགས་རེ་སྒྲོན་པ་ཡིན།

    ཕྱེ་མར་ཞུས་གྲུབ་རྗེས་ནང་མི་མཉམ་འཛོམས་ཀྱིས་ལོ་གསར་པའི་ཆང་ཕུད་ཞུ་དགོས། དེ་ཡང་བཀྲ་ཤིས་པའི་གནམ་ལོ་གསར་པར་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད། དཀོན་མཆོག་གསུམ་ལ་ཆང་ཕུད་ཕུལ་གྲུབ་མཚམས་སུ། ཁྱིམ་མི་ཚོའི་སྐུ་མདུན་དུ་ཁྱིམ་ཚང་སོ་སོའི་འཚོ་བའི་གནས་བབ་ལ་གཞིགས་ཏེ། དངུལ་ཕོར་དང་ཡང་ན་གས་ཆག་མེད་པའི་ཆང་དཀར་བཙུགས་ཏེ་མཆོད་ཆང་འདྲེན་པ་ཡིན། མཆོད་ཆང་ཞུ་སྐབས་སྔོན་ལ་ཆང་ཕོར་བླངས་ཏེ་སྲིན་མཛུབ་ཀྱིས་ཕུད་གཏོར་ལན་གསུམ་བྱེད་དགོས་པ་དང་། དེ་ནས་མཆོད་ཆང་འདྲེན་མཁན་གྱི་བཀའ་བཀོད་བཞིན་ཞབས་དག་གམ་ཡང་ན་གསུམ་སྒྲོན་མཉེས་དག་ཞུ་དགོས། ནམ་ཞག་རྒྱུན་དུ་མཆོད་ཆང་མི་བཞེས་ཀྱང་དེ་ཉིན་བཀྲ་ཤིས་རྟེན་འབྲེལ་གྱི་ཚུལ་དུ་ཕུད་གཏོར་ལན་གསུམ་བྱ་དགོས་པ་ཡིན།

    ཚེས་གཅིག་གི་ཞོགས་ཟས་གྲུབ་རྗེས། ནང་མི་རྒན་པ་རྣམས་ནས་སྣུམ་སྤགས་གཡོས་རྗེས། སྣུམ་དང་ཞལ་ཟས་འཁྱེར་ཏེ་སྒོ་ཕྱུགས་ཚང་མར་སྣུམ་སྤགས་དང་ཞལ་ཟས་སྦྱིན་པ་དང་། རྭ་ཡོད་ཀྱི་རྭ་དང་མིག་ལ་སྣུམ་བྱུགས་པ་དང་། རྭ་མེད་ཀྱི་མིག་ནང་སྣུམ་བླུགས་ཏེ་རྟེན་འབྲེལ་བཟང་པོ་མཚོན་པར་བྱེད།

    ལོ་གསར་ཚེས་གཅིག་གི་ཉིན་རང་ཁྱིམ་དུ་སྡོད་པ་ལས་ཁྱིམ་ཚང་ཕན་ཚུན་བར་འགྲོ་འོང་བྱེད་པའམ། ཐུགས་སྤྲོ་དང་རོལ་རྩེད་སོགས་ལ་མགྲོན་འབོད་བྱེད་སྲོལ་མེད། དེ་ཡང་ཤོད་སྲོལ་དུ་ལོ་གསར་ཚེས་གཅིག་ཉིན་ཁྱིམ་ཚང་གཞན་ལ་སོང་ཚེ། རང་གི་བསོད་བདེ་དང་རླུང་རྟ་ཚང་མ་ཁྱིམ་ཚང་གཞན་དེའི་ཕྱོགས་སུ་ཤོར་འགྲོ་བ་ཡིན་ཟེར། ཚེས་གཅིག་ཉིན་ཅ་དངོས་ཁ་ཕུབ་ལ་འཇོག་པ་དང་། ཁ་ཕུབ་པའི་རོལ་རྩེད་བྱས་ཚེ་རྣམ་རྟོག་ལ་བརྩི་སྲོལ་ཡོད་པས། ཤོ་རྩེད་ནི་ཤོ་ཕོར་ཁ་ཕུབ་པའི་རོལ་རྩེད་ཅིག་ཡིན་སྟབས། དེ་སྔ་ཡིན་ན་ཚེས་གཅིག་ཉིན་ཤོ་རྩེད་རྩེད་སྲོལ་ཡང་མེད་པར། ཐེབས་པད་དང་། ཨ་ཅུག ཐག་མཆོངས་རྩེད་པ་དང་། ངའི་ཕ་ཡུལ་ཕག་རིར་ཚེས་གཅིག་ཉིན་ཕོ་གཞོན་རྣམས་གཅིག་ཏུ་འཛོམས་ཏེ་རྭ་མདེལ་རྩེད་སྲོལ་ཡོད། དེ་ཡང་ཕོ་གཞོན་རྣམས་མི་བཞི་ལྔ་བྱས་ཏེ་ཕྱོགས་འགའ་ལ་བགོས་རྗེས། ཐང་བདེ་ས་ཞིག་ཏུ་གོམ་པ་བཞི་བཅུ་ལྔ་བཅུའི་མཚམས་ཀྱི་གོང་འོག་གཉིས་སུ་རྭ་ཅོ་རེ་བཙུགས་པ་དང་། ཕོ་གཞོན་རེ་རེའི་ལག་ཏུ་གཏན་འཁེལ་གྱིས་རྡོ་སྒོར་སྦར་མོ་ཙམ་ལྔ་དྲུག་རེ་འཁྱེར་ཏེ། ཚོགས་པ་རེས་མོས་ཀྱིས་རྭ་ཅོར་གཞུ་དགོས་པ་དང་། ངེས་པར་དུ་རྭ་ཅོའི་སྐེད་པ་ཡན་ལ་ཕོག་ན་གཞི་ནས་སྐར་མ་ཐོབ་པ་དང་། དེ་མན་ལ་ཕོག་ཀྱང་སྐར་མ་མི་ཐོབ། རྭ་ཅོའི་རྩེ་མོར་ཕོག་ཚེ་ཕོ་གཞོན་ཚོས་ཀི་སྒྲ་དང་བཅས་སྐོར་བ་གཡས་སྐོར་ལིང་ལིང་བྱེད། རྡོ་ག་ཚོད་ཀྱིས་མང་བ་ཕོག་ཚེ་སྐར་མ་ཡང་མང་བ་ཐོབ་སྟེ་གཞན་ལས་རྒྱལ་བས། རྒྱན་ཆང་མང་པོ་འཐུང་རྒྱུ་ཡོད་པ་མ་ཟད། ཕོ་གཞོན་ཚོ་དང་ལྟད་མོ་བ་ཚོའི་མདུན་དུ་ངོ་སོ་ཡང་ཆེ།

    ལོ་གསར་སྐབས་སུ་ད་དུང་མཛད་སྒོ་གལ་ཆེན་གཞན་ཞིག་ཡོད་པ་ནི་སྟེང་ལྷ་གསོལ་རྒྱུ་དེ་རེད། ལོ་གསར་མ་ཟིན་གོང་དང་ལྷག་པར་དུ་སྟེང་ལྷ་མ་གསོལ་གོང་ཙམ་ནས་སྟེང་ལྷ་གསོལ་བྱེད་ཀྱི་དར་ལྕོག་ལྔ་ལྡན་རྣམས་དར་ཤིང་ལ་བསྒྲགས་ཏེ་འཇོག་དགོས་པ་དང་། སྟེང་ལྷ་གསོལ་རྒྱུའི་ཚེས་ཆ་བཟང་པོ་ཞིག་འདེམས་དགོས་པ་ཡིན། ཁྱིམ་ཚང་ཁག་གཅིག་གིས་ཁྱིམ་བདག་གཙོ་བོར་བྱས་ཏེ་ནང་མི་ཚོའི་ལོ་རྟགས་ལ་གཞིགས་ཏེ་ཚེས་ཆ་འདེམས་པ་དང་། ཁག་གཅིག་གིས“ཚེས་གསུམ་ཚེས་ཆ་ལྟ་མི་དགོས”ཟེར་སྲོལ་ཡོད་པ་བཞིན་ཚེས་གསུམ་ལ་སྟེང་ལྷ་གསོལ་བ་ཡིན།

    སྟེང་ལྷ་གསོལ་ཉིན་ནང་མི་ཚང་མ་ཞོགས་པ་སྔ་པོ་ནས་ལངས་ཏེ། ཐོག་ཁའི་སྟེང་དུ་ལྔ་ལྡན་དར་ལྕོག་དང་། བཞུགས་གདན། སྦག་ཅོག ཇ་ཕུད་ཆང་ཕུད། ཁ་ཟས་ཀྱི་ཕུད། བསང་དང་བསང་མེ། ཁ་བཏགས། གསོལ་ཇ། ཆོས་ཆས་ལ་སོགས་པའི་མཁོ་ཆས་རྣམས་སྐྱེལ་དགོས་པ་དང་། གྲ་སྒྲིག་ཟིན་པའི་དར་ཤིང་དང་བཅས་པའི་ལྔ་ལྡན་དར་ལྕོག་རྣམས་ཐོག་ཁའི་སྟེང་དུ་སྐྱེལ་དུས། སྒོ་ནས་འཛུལ་ན་དར་ལྕོག་ལ་གྲིབ་ཕོག་གི་ཡོད་ཅེས་དར་ལྕོག་རྣམས་སྒོ་ནས་མི་འཁྱེར་བར། དར་ལྕོག་གི་དར་ཤིང་ལ་ཐག་པ་བཏགས་ཏེ་ཐད་ཀར་ཐོག་ཁའི་སྟེང་དུ་འཐེན་དགོས། ཐོག་ཁའི་སྟེང་དུ་སླེབས་རྗེས་སྔོན་ལ་དར་ཤིང་གི་ཡུ་བ་ནས་ཁྲུ་གང་ཙམ་པགས་པ་བཤུ་དགོས་ཤིང་དེ་ལ་རྟིང་དཀར་འདོན་པ་ཟེར། རྟིང་དཀར་བཏོན་རྗེས་དར་ལྕོག་ལ་བསང་བདུག་དགོས་པ་དང་། དེ་ནས་དར་ཤིང་ལ་མར་གྱིས་ཡས་སྒྲོན་བྱེད་ཅིང་། མར་གྱིས་ཡས་སྒྲོན་བྱེད་དུས་ཀྱང་གང་བྱུང་དུ་སྒྲོན་མི་ཆོག་པར། མར་རྒྱན་གསུམ་དང་ལྔ། ཡང་ན་བདུན་ལ་སོགས་པའི་ཡ་གྲངས་ཀྱི་ཚུལ་དུ་གཤམ་ནས་གོང་ལ་རིམ་པས་སྒྲོན་པ་ལས་ལྡོག་སྟེ་སྒྲོན་མི་རུང་བ་དང་། སྤྱིའི་ཆར་མར་རྒྱན་ལྔ་སྒྲོན་སྲོལ་མང་བ་ཡིན། མར་གྱིས་ཡས་སྒྲོན་གྲུབ་རྗེས་གཞི་ནས་དར་ལྕོག་རྣམས་ཕྱོགས་བཞིའི་ལྷ་འཛུགས་སྟེང་དུ་བཙུགས་ཏེ། ལྷ་འཛུགས་སྟེང་དུ་ཁ་ཟས་དང་ཕྱེ་མར་གྱི་ཕུད་དང་། ཟས་ཕུད་ཆང་ཕུད་འབུལ་དགོས། དེ་རྗེས་གདན་འདྲེན་ཞུས་པའི་དགེ་འདུན་གྱིས་འདོན་པ་འདོན་པ་དང་གསེར་སྐྱེམས་ཕུལ་བ་དང་། ལྷ་བསང་སྔོ་འཕྱུར་འཕྱུར་དུ་བདུགས་དགོས། དགེ་འདུན་གདན་འདྲེན་ཞུ་བའི་ཆ་རྐྱེན་མེད་པའམ་དགེ་འདུན་མ་འབྱོར་ཚེ་གོང་གསལ་གྱི་གྲ་སྒྲིག་ལས་ཀ་རྣམས་གྲུབ་རྗེས་སྟེང་ལྷ་གསོལ་དགོས་པ་དང་། སྟེང་ལྷ་གསོལ་སྐབས་ཁྱིམ་མི་ཚང་མས་གཙང་སྦྲ་དང་བཅས་གཟབ་མཆོར་ལེགས་པར་སྤྲས་ཤིང་། རྒྱན་ཆ་གང་ལེགས་འདོགས་དགོས་པ་མ་ཟད། ཁྱིམ་ཚང་དེའི་སྐྱེས་པ་ཕོ་གང་རུང་ཞིག་ནས་ཕྱུ་པ་དཀར་པོ་དང་ཞྭ་མོ་ཚེ་རིང་སྐྱིན་ཁེབས་གྱོན་དགོས་ཤིང་། དེ་ལྟར་བྱས་ཚེ་གཅིག་ནས་ལྷ་ཀླུ་གཞིས་བདག་རྣམས་ལ་གུས་གསོལ་མཚོན་ཞིང་། ལྷ་ཀླུ་གཞིས་བདག་མཉེས་ཏེ་ཁྱིམ་ཚང་སྤྱི་ལ་རླུང་རྟ་མཐོ་བ་དང་ལམ་འགྲོ་རྒྱུགས་པ་ཡོད་ཟེར།

    སྟེང་ལྷ་གསོལ་སྐབས་མི་ཚང་མའི་ཕྱག་ཏུ་རྩམ་པ་བྱུར་བུར་ཐོགས་ཤིང་། ལྷ་འཛུགས་དང་ཡུལ་ལྷ་གཞིས་བདག་གནས་ཡུལ་དུ་ཁ་ཕྱོགས་པ་དང་། གོང་དུ་དགེ་འདུན་དང་དེ་ནས་ལོ་ན་མཐོ་དམན་དང་ཕོ་མོའི་གོ་རིམ་དང་དབྱེ་བ་བཞིན་གྲལ་སྟར་བསྒྲིགས་རྗེས། དགེ་འདུན་ཡོད་ན་དགེ་འདུན་གྱིས་སྣེ་ཁྲིད་དང་། དགེ་འདུན་མེད་ཚེ་ལོ་ན་མཐོ་བའི་སྐྱེས་པ་ཕོ་ཞིག་གིས་སྣེ་ཁྲིད་འོག་ལྷ་གསོལ་དགོས་པ་སྟེ། “ལྷ་བླ་མ་ཡི་དམ་དཀོན་མཆོག་གསུམ། དཀོན་མཆོག་ཐུགས་རྗེ་ཅན། ཀི་ཀི་སྭོ་སྭོ། ལྷ་རྒྱལ་ལོ། ཡུལ་འདི་རུ་བཞུགས་པའི་ཡུལ་ལྷ་གཞིས་བདག་རྣམས། ཀི་ཀི་སྭོ་སྭོ། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ”ཟེར་ནས་ཚང་མས་དུས་གཅིག་ལ་ལག་ནང་གི་རྩམ་པ་ཡུལ་ལྷ་གཞིས་བདག་དང་ལྷ་འཛུགས་ཕྱོགས་སུ་གཏོར་བ་དང་། དེ་ནས་ཕྱེ་མར་དང་ཆང་ཕུད་འཁྱེར་ཏེ་སྔོན་ལ་དགེ་འདུན་དང་དེ་ནས་ལོ་ན་བགྲེས་པའི་རྒས་འཁོགས་སོགས་རིམ་པ་བཞིན་ཕྱེ་མར་དང་ཆང་ཕུད་དྲངས་པ་དང་། ཆང་ཕུད་དང་ཕྱེ་མར་དྲངས་ཚར་རིམ་བཞིན་ཕོ་གཡས་དང་མོ་གཡོན་གྱི་དཔུང་པའི་སྟེང་དུ་དཀར་རྟགས་བསྒྲོན་ནས། “བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་བྲོ་སྐུ་ཁམས་བཟང་། གཏན་དུ་བདེ་བ་ཐོབ་པར་ཤོག དུས་སང་ད་ཚོད་སླར་ཡང་ཁྲ་རོག་རོག་ལ་འཛོམས་རྒྱུ་ཡོང་བ་ཤོག”ཅེས་སྨོན་ཚིག་སྒྲོན་པ་ཡིན།

    སྟེང་ལྷ་གསོལ་གྲུབ་རྗེས་དགེ་འདུན་ལ་མཇལ་དར་དང་སྐུ་ཡོན་ཕུལ་ཏེ་ཕེབས་སྐྱེལ་ཞུས་རྗེས། ནང་མི་རྣམས་ཐོག་ཁའི་སྟེང་དུ་ཇ་ཆང་དང་ཞལ་ཟས་སོགས་ལ་རོལ་ཏེ་ཡུན་རིང་སྡོད་པ་དང་། དེ་ཉིན་བཞུགས་གདན་དང་སྦག་ཅོག་སོགས་རང་སོར་བཞག་སྟེ་ཉིན་གཉིས་པར་བསྡུ་བ་ལས་དེ་ཉིན་བསྡུ་སྲོལ་མེད།

    ང་ཚོ་ཆུང་དུས་སུ་ཉི་ཤུ་དགུའི་དགོང་མོ་དགུ་ཐུག་བཏུངས་རྗེས། ཕྱི་ལ་ཐོན་ཏེ་གཞན་གྱིས་སྤར་ནས་མ་འབར་བའི་ཤོག་སྦག་བསྒྲུགས་ཏེ་སྤོར་བ་དང་། ཚེས་གཅིག་གི་ཞོགས་པ་ནམ་རྒྱུན་མི་འདུ་འཛོམས་ཆེ་སའི་སྲང་ལམ་གང་རུང་ཞིག་ཏུ་འཛོམས་ཏེ། ཐག་མཆོངས་དང་ཐེབས་པད་འགྲན་པ། རྐྱང་དཀར་རྩེད་པ། ཨ་ཅུག་རྒྱག་པ་སོགས་རོལ་རྩེད་སྣ་ཚོགས་ལ་གཡེང་ཞིང་། དེའི་ནང་ལོ་ལོན་གྱི་ཕོ་གཞོན་མོ་གཞོན་དང་ཐ་ན་ལོ་ན་ཅུང་མཐོ་བའི་རྒན་གྲས་ཀྱང་མཉམ་དུ་ཞུགས་ནས་འཁྲུག་ཆ་ཤིན་ཏུ་དོད།

    སྐབས་དེ་དུས་རུ་ཁག་ཁག་དང་། ཀུང་ཧྲེ་སོ་སོའི་ཞབས་གཞས་འགྲན་བསྡུར་བྱེད་པས། ཉིན་མང་པོའི་རིང་ཁྱིམ་མི་རྒན་གཞོན་ཚང་མ་བྲེལ་བྲེལ་འཚུབ་འཚུབ་ངང་ལྟད་མོ་ལྟ་བར་འགྲོ་བ་ཡིན།

    དུས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་ལོ་གསར་གཏོང་སྲོལ་ལའང་འགྱུར་བ་ཆེན་པོ་འགྲོ་བཞིན་པ་སྟེ། དེ་སྔ་ལོ་གསར་མ་འཆར་གྱི་ཟླ་ཤས་ཙམ་ནས་ཕྲུ་གུ་ཚོས་ལོ་གསར་འཆར་རྒྱུར་རེ་སྒུག་ཆེན་པོ་བྱེད་པ་དང་། ལོ་གསར་འཆར་ལ་ཉེ་བ་དང་ལྷག་པར་དུ་གནམ་གང་གི་དགོང་མོར་ཕ་མས་རང་གི་གཟབ་མཆོར་རྣམས་སྔས་མགོར་འཇོག་གི་ཡོད་པས། ཚེས་གཅིག་འཆར་ཏེ་གཟབ་མཆོར་གྱོན་རྒྱུའི་བསམ་པས་གཉིད་ཀྱང་ཡག་པོ་ཞིག་མི་ཁུག

    ལོ་གསར་འཆར་ཁའི་བོད་ཚེས་ཉི་ཤུ་བདུན་བརྒྱད་མཚམས་ནས་གྲོང་ཚོའི་སྲང་ལམ་གང་ས་ནས་ཁ་ཟས་བཟོ་བའི་སྣུམ་དྲི་དང་། ལུག་མགོ་མེ་བསྲེགས་གཏོང་བའི་ཚིག་དྲི་འཐུལ་བ་དང་། ཉི་ཤུ་དགུའི་དགོང་མོ་དང་གནམ་གང་གི་ཞོགས་པ། ང་ཚོ་བྱིས་པ་ཚོས་གཞན་གྱིས་སྤར་ཏེ་མ་སྦར་བའི་ཤོག་སྦག་རྣམས་བསྒྲུགས་ཏེ་ཡང་བསྐྱར་སྤར་བའི་ཐག་སྒྲ་གང་ས་ནས་ཐོས་རྒྱུ་ཡོད་ཅིང་། ཚེས་གཅིག་ཙམ་ནས་སྲང་ལམ་དུ་རྭ་མདེལ་འགྲན་པའི་ཀི་སྒྲ་དང་། ཨ་ཅུག་དང་ཐེབས་པད། ཐག་མཆོངས་སོགས་རོལ་རྩེད་སྣ་ཚོགས་འགྲན་པའི་དགོད་སྒྲ་དང་བྱིས་གླུ། དེ་བཞིན་ཞབས་གཞས་འགྲན་པའི་གླུ་སྒྲ་སོགས་ཀྱིས་འུར་ཐིང་ངེར་ཡོད། དེང་གི་ཆར་ལོ་གསར་པ་འཆར་རྒྱུར་དེ་ལྟའི་རེ་སྒུག་དགའ་སྣང་བྱེད་མཁན་ཞིག་མེད་ལ། འཚོ་བའི་འཕོ་འགྱུར་གྱིས་རྐྱེན་པས་ནམ་ཞག་རྒྱུན་དུ་ནས་དེ་སྔའི་ལོ་གསར་ལས་ལྷག་པའི་ཟས་གོས་གཉིས་ལ་སྤྱོད་རྒྱུ་ཡོད་སྟབས། ལོ་གསར་སྐབས་ཟས་གསར་པ་དང་གོས་གསར་པ་གང་ཞིག་ལ་རེ་ནས་སྡོད་མཁན་ཡང་ཡོད་པ་མིན།

    ད་ལྟའི་ཆར་ལོ་གསར་གཏོང་སྐབས་ཆེས་འཁྲུག་ཆ་དོད་ཤོས་ནི་ཉི་ཤུ་དགུའི་དགོང་མོ་ཙམ་སྟེ། དེང་དུས་གྲོང་ཁྱེར་ནང་དུ་ཉི་མ་དང་ཟླ་བ་སོགས་པའི་མཚོན་དོན་ལྡན་པའི་དགུ་རྫས་ཚང་མ་ཤོག་བུའི་སྟེང་དུ་ཡི་གེར་བྲིས་ནས་བག་ཐུག་གི་ཁོག་ནང་དུ་བླུགས་པ་ལས། དེ་སྔ་ལྟར་དངོས་པོ་བླུགས་མཁན་མེད་མོད། ཉི་ཤུ་དགུའི་དགོང་མོ་དགུ་ཐུག་འཐུང་བ་དང་གླུད་རྫོང་བ། ཤོག་སྦག་སྤར་བ་སོགས་འཁྲུག་ཆ་དོད་པ་དང་། ལྷག་པར་དུ་དེང་དུས་འཚོ་བའི་ཆ་རྐྱེན་དང་། ལག་རྩལ་ཡར་རྒྱས་སུ་སོང་བའི་དབང་གིས་དེ་སྔ་དང་མི་འདྲ་བར་ཆེ་ཆུང་དང་རིགས་མི་འདྲ་བའི་ཤོག་སྦག་སྣ་ཚོགས་ཡོད་པ་མ་ཟད། དགུང་སྔོན་མཐོན་པོར་འཕུར་ཅིང་ཚོན་མདོག་སྣ་ཚོགས་ཐོན་ལ་སྒྲ་འདྲ་མིན་གྲགས་པའི་ཚོན་ཁྲ་ཅན་གྱི་ཤོག་སྦག་མང་བས། ཉི་ཤུ་དགུ་ནི་ཁྱིམ་ཚང་དང་ཁྱིམ་ཚང་དབར་དང་། ས་ཁོངས་དང་ས་ཁོངས་དབར་གྱི་ཤོག་སྦག་གི་འགྲན་བསྡུར་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས།

    དེང་དུས་ཁྱིམ་ཚང་སོ་སོའི་སྒོ་རར་ཆུ་ཀ་ལ་ཡོད་སྟབས། དེ་སྔ་ལྟར་ཆུ་ཁ་གཅིག་ཏུ་སོང་ནས་ལྷ་ཀླུ་གསོལ་ཞིང་ཆུ་ཕུད་ལེན་པའི་རྣམ་པ་དེ་དག་ཐག་རིང་གི་དྲན་འཆར་ཙམ་དུ་ཟད་ཅིང་། ལོ་གསར་ཚེས་པ་གཅིག་ནས་ཕན་ཚུན་མགྲོན་འབོད་བྱེད་ཅིང་། ཤོ་སྦག་གཉིས་ལ་རོལ་མཁན་མང་དུ་མཐོང་རྒྱུ་ཡོད་ལ། མི་དེ་ལས་མང་བ་ཞིག་རང་རང་གི་ལག་ཐོགས་ཁ་པར་ལ་མགོ་འཁོར་ཏེ་སྡོད་པ་ལས། དེ་སྔ་ལྟར་གཞས་དང་ཞབས་བྲོ་དང་། ཨ་ཅུག་དང་། ཐེབས་པད། ཐག་མཆོངས་ལ་སོགས་པའི་བྱིས་པའི་རོལ་རྩེད་ལ་རོལ་མཁན་ཞིག་ཧ་ལམ་མཐོང་རྒྱུ་མེད་སྟབས། དེ་སྔ་ལྟ་བུའི་ལོ་གསར་གྱི་སྒུག་ཡུན་དང་སྤྲོ་སྣང་དེ་འདྲ་མེད་ལ་ཡོད་ཀྱང་མི་སྲིད་པས། ལོ་རབས་འདི་འདྲ་ཞིག་དང་ན་ཚོད་འདི་འདྲ་ཞིག་ལ་སླེབས་དུས། འདས་སོང་ཆུང་དུས་ཀྱི་ལོ་གསར་གཏོང་སྟངས་དེ་ལ་ཞེན་ཆགས་ལྷག་པར་ཆེ། (རྫོགས་སོ)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།