[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༅མི་ལ་བཤད་པ་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཤེལ་དཀར།    |    སྤེལ་དུས།   2018-02-04

    མི་ཡི་ཡུལ་འདིར་གསོན་པའི་དོན་གོ་ལ།།

    མི་དང་མི་ཡི་འགྲོགས་ལུགས་ཤེས་པ་དགོས།།

    མི་ལ་མི་དགོས་སྐྱོན་དང་ཤིང་ལ་ནི།།

    མི་དགོས་མཛེར་པ་ཡིན་པའི་དོན་རྟོགས་དགོས།

    མི་དང་མ་བསྟུན་རང་ཤེད་ཆེ་གྱུར་ན།།

    མི་དང་འགྲོགས་པ་ལན་གཅིག་ཙམ་ཞིག་ཡིན།།

    མི་ཡིས་གང་ཟེར་རྗེས་སུ་རྒྱུགས་དྲག་ན།།

    མི་ཚུགས་ཅི་ཡང་མེད་པའི་ཀླད་མེད་ཡིན།།

    མི་གཤིས་བཟང་པོ་ཡ་རབས་སྤྱོད་པས་སྐྱོང་།།

    མི་ངན་མཚན་མ་ཁྱི་ལུད་བཞིན་དུ་དོར།།

    མི་ཡི་ཁྲོད་ན་བློ་གཏད་འཕེར་དགོས་ན།།

    མི་ལ་ལྷག་བསམ་དག་པའི་སེམས་གཅིག་དགོས།།

    མི་ངན་སྦྲུལ་དུག་ཅན་དང་མི་ཉེ་བར།།

    མི་བཟང་གསེར་གྱི་རི་ལ་བརྟེན་པ་གཅེས།།

    མི་བུའི་མ་འོངས་མདུན་ལམ་བཟང་པོ་ཡང།།

    མི་ངན་སྡིག་པའི་གྲོགས་པོས་བརླགས་ལ་ལྟོས།།

    མི་འོས་པ་ཡི་འགན་ཁུར་བྱེད་པ་དང་།།

    མི་འཐད་པ་ཡི་སྐད་ཆ་ཤོད་པ་དང་།།

    མི་འཚམ་པ་ཡི་བྱ་བ་སྒྲུབ་པ་སོགས།།

    མི་ཞིག་ཡིན་ན་བག་ཡོད་ཅིས་ཀྱང་དགོས།།

    མི་ཡི་རིགས་འདི་སྲོག་ཆགས་ཀུན་གྱི་མཆོག།

    མི་ཤེས་དགུ་ཤེས་རྣམ་རིག་ཧ་ཅང་རྒོད།།

    མི་ཆོས་ལྷ་ཆོས་སེམས་དང་མ་འདྲེས་ན།།

    མི་ཡུལ་ས་སྒང་འདི་ཡང་བརླག་པའི་ཉེན།།

    མི་ལ་བཟང་ངན་ཡོད་པ་དངོས་པོའི་གཤིས།།

    མི་ཁ་བཟང་ངན་དེ་ལ་བརྟེན་ནས་འབྱུང་།།

    མི་གཤིས་བཟང་པོ་པདྨའི་སྦུབ་དང་འདྲ།།

    མི་ཡི་བུང་བ་མ་བོས་ངང་གིས་འདུ།།

    མི་མཐུན་གཡུལ་ལས་རྒྱལ་ཁ་ལོན་དགོས་ན།།

    མི་ཤེས་རྨོངས་མུན་སེལ་ལ་བརྩོན་དང་ཀྱེ།།

    མི་ཡི་དཔྱོད་ཤེས་མི་ཡིས་མ་སྤྱད་ན།།

    མི་དང་དུད་འགྲོའི་བར་ལ་ཁྱད་པར་ཅི།།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།