[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄༅ལོ་གསར་དང་བྱིས་དུས་ཀྱི་དྲན་འཆར་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བུ་ཚེ་རིང་རྒན་པས།    |    སྤེལ་དུས།   2018-02-04

    ལོ་ཟླའི་གོམ་འགྲོས་ནི་དངོས་ནས་རྨི་ལམ་ཞིག་དང་མཚུངས། ན་ཚོད་འདི་ལ་སླེབས་དུས་ལོ་གསར་ནི་བྱིས་དུས་ཀྱི་ཡིད་དུ་འོང་བའི་དྲན་ཆར་ཙམ་རེད། ཆུང་དུས་སུ་མ་གཞི་འཚོ་བར་དཀའ་ངལ་ཆེ་ཡང་། ང་ཚོ་བྱིས་པ་ཚོའི་སེམས་ནང་ལོ་གསར་ནི་ཡུན་རིང་རེ་ཞིང་སྒུག་པའི་དོན་ཆེན་ནང་གི་འགངས་ཆེན་ཞིག་རེད། ལོ་ཟླའི་འཕོ་འགྱུར་ཁྲོད་ལང་ཚོ་རིམ་གྱིས་སྨིན་ཞིང་མི་ཚེའི་མྱོང་སྣང་སྣ་ཚོགས་བརྒྱུད་མཐར། ད་ལྟའི་ཆར་ཆུང་དུས་ལོ་གསར་ལ་བཅངས་པའི་རེ་བ་དེ་དང་། ལོ་གསར་དགའ་གཏོང་བྱེད་པའི་བསམ་འདུན་དེ་མཁའ་མཐའི་འཇའ་ཚོན་བཞིན་དུ་རིམ་གྱིས་ཡལ་ཏེ། ཡོད་པ་ནི་འདས་སོང་བྱིས་དུས་ཀྱིས་སྦྱིན་པའི་དྲན་འཆར་མཛེས་པོ་དེ་རེད། ངའི་དྲན་ཚོད་ལ་ང་རང་སློབ་གྲྭ་ཆེ་མོ་ཐོན་ཏེ་ལས་ཀར་སླེབས་པ་ནས་བཟུང་། ཆུང་དུས་ལོ་གསར་ལ་བཅངས་པའི་བསམ་འདུན་དེ་འདྲ་ཞིག་གཏན་ནས་ཡོང་མྱོང་མེད་ལ། ཆུང་དུས་ལོ་གསར་བཏང་བའི་དགའ་སྣང་དང་སྤྲོ་སྣང་དེ་ལྟ་བུ་ཡང་གཏན་ནས་ཡོད་མ་མྱོང་།

    བློ་རྣལ་དུ་ཕབ་སྟེ་བསམ་བློ་ཞིབ་པར་གཏོང་དུས། མི་ལོ་མང་པོ་ཞིག་ལ་སྒེར་གཞུང་གི་ལས་དོན་གྱི་བྲེལ་བས། བྱ་སྤུ་རླུང་འཁྱེར་ལྟ་བུའི་ལུས་སེམས་གཉིས་པོ་ལྷོད་ལྷོད་ཀྱིས་ལོ་གསར་གཏོང་ཁོམ་ཞིག་མེད་ལ། མི་ལོ་མང་པོ་ཞིག་ལ་ལས་རེས་དང་གྲོང་ཚོར་བཅའ་སྡོད་ལ་སོགས་པའི་གཞུང་དོན་སྣ་ཚོགས་དབང་གིས། ཕ་ཡུལ་ལ་ཕ་མ་སྤུན་མཆེད་དང་དགའ་འཛོམས་བྱེད་པའི་སྐལ་བ་ཤིན་ཏུ་ཕྲ།

    ཆུང་དུས་སུ་ལོ་གསར་ནི་རྡོ་ཁབ་ལེན་ནམ་ལྕགས་ཀྱུ་རྣོན་པོ་ཞིག་དང་འདྲ་བར། སེམས་ཁམས་ཀྱི་རྟ་རྒོད་ལོ་གསར་གྱི་ཕྱོགས་ལ་ཤོར་འགྲོ་བས། ལོ་གསར་མ་འཆར་གོང་གི་ཟླ་བ་གཅིག་གཉིས་ཀྱི་མཚམས་ནས་ལོ་གསར་པ་འཆར་བར་སྐོམ་པ་ཆུ་འདོད་ཀྱིས། ཉིན་ལྟར་ལོ་གསར་འཆར་རྒྱུར་རེ་སྒུག་གིས་མཛུབ་རྩིས་ཡང་ཡང་བརྒྱབ་ཅིང་། ལོ་གསར་སྐབས་ཕ་མས་གྱོན་གོས་གསར་པ་གང་ཞིག་བཟོ་བ་དང་རྔན་པ་ཞིམ་པོ་ཅི་ཞིག་སྦྱིན་པར་རེ། སྐབས་དེ་དུས་ལོ་གསར་འཆར་རྒྱུར་དེ་ལྟའི་རེ་སྒུག་བྱེད་དོན་ཡང་། ལོ་གསར་སྐབས་གྱོན་གོས་གསར་པ་གྱོན་རྒྱུ་ཡོད་པ་དང་། ཤ་དང་འབྲས་དང་ནམ་རྒྱུན་མེད་པའི་བྱི་རིལ་དང་ཁ་ཟས་དེ་འདྲ་ཟ་རྒྱུ་ཡོད་པ་མ་ཟད། ཉིན་གང་དལ་དལ་ལྷོད་ལྷོད་ངང་རང་གིས་རྩེད་འདོད་ཡོད་པའི་རྩེད་མོ་སྣ་ཚོཌ་རྩེད་ཆོག་པས་ལོས་ཡིན།

    སྐབས་དེ་དུས་ལོ་གསར་གོང་གི་ཉི་ཤུ་དགུ་དང་གནམ་གང་ཉིན་མོ་ནི་ལས་བྲེལ་ཆེ་བའི་དུས་ཏེ། ཉི་ཤུ་དགུའི་ཉིན་མོར་སྐྱེས་པ་ཚོས་མགོ་སྐྲ་འཁྲུ་བ་དང་། “དུ་ཕྱག”ཅེས་ཁྱིམ་ཚང་ཚང་མས་སྡོད་ཁང་གི་ཕྱི་ནང་སྒང་གཞོང་ཚང་མར་གཙང་སྦྲ་ལེགས་པར་བྱེད་ཅིང་། དུ་ཕྱག་བྱས་པའི་ཐལ་རྡུལ་གྱིས་ཁྱིམ་དང་མི་རིང་བའི་རྒྱ་ལམ་ཐོག་ཕྲེད་དུ་ཐིག་རིས་ལྟ་བུ་འཐེན་ཏེ། ལོ་གསར་པའི་ནང་བགེགས་དང་བར་ཆད་མི་ཡོང་བའི་རྟེན་འབྲེལ་གྱི་ཚུལ་དུ་བྱེད་ཅིང་། དེ་མིན་གད་སྙིགས་གཞན་རྣམས་གྲོང་ཚོ་ནས་ཅུང་ཐག་རིང་བའི་སར་སྐྱེལ་བས། ང་ཚོ་བྱིས་པ་ཚོས་གད་སྙིགས་ཚང་མ་བྱ་དེས་བཙོག་པ་གཏོར་བ་ལྟར་གཏོར་ཏེ། དེའི་ནང་ནས་རང་ལ་མཁོ་བའི་རྩེད་ཆས་འདྲ་རྙེད་རྒྱུའི་རེ་བ་བྱེད་པ་ཡིན། ཉི་ཤུ་དགུའི་ཉིན་མོར་ད་དུང་སྒེའུ་ཁུང་གཙང་མར་ཕྱིས་པ་དང་། གྱང་སྟེང་དུ་ཚགས་པར་དང་དེའི་ཐོག་ཏུ་དེབ་ཁང་ནས་ཉོས་པའི་པར་རིས་མང་པོ་སྦྱོར་བ། ཐབ་ཚང་གི་གྱང་དང་ཀ་གདུང་སྟེང་དུ་རྩམ་པའམ་གྲོ་ཞིབ་ཀྱིས་(ཕྱིས་སུ་ས་སྨྱུག་སྤྱོད་པ་མང)བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དང་། རྒྱ་ནག་ལྕགས་རི། ནོར་བུ་མེ་འབར། ཕྱེ་མར་གྱི་འབོ། དེ་བཞིན་བཀྲ་ཤིས་སྨོན་འདུན་མཚོན་པའི་ཡི་གེ་བྲིས། གཞན་ཡང་སྒོ་དང་སྒེའུ་ཁུང་གི་ཐོད་དུ་ཤམ་བུ་སྒྲོག

    གནམ་གང་ཉིན་མོར་བུད་མེད་ཚོས་མགོ་སྐྲ་འཁྲུ་བ་དང་། ཤ་དང་ལུག་མགོ་བཙོ་བ། ཕྱེ་མར་གྱི་འབོ་དང་། སྡེར་ཁ། ལུག་མགོ དེ་བཞིན་ཇ་དང་ཚ། མར་སོགས་སྒྲིག་པ་དང་ལོ་གསར་གྱི་ཞལ་ཟས་བསྒྲིགས་བཤོམ་བྱེད་པ། ལོ་གསར་ཚེས་གཅིག་གི་ཐོ་རེངས་ཆང་སྐོལ་གྱི་རྒྱུ་ཆ་གྲ་སྒྲིག་སོགས་ལས་སྣེ་ཤིན་ཏུ་མང་། དེ་བཞིན་ལོ་གསར་པའི་ནང་འཚོ་བའི་ཐད་འབེལ་འབེལ་ལྷུག་ལྷུག་ཡོང་བའི་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད། རྩམ་ཟོའི་ནང་རྩམ་པ་དང་། དེ་བཞིན་མར་སྣོད་ནང་མར་དང་། ཚྭ་སྣོད་ནང་ཚྭ། ཇ་སྣོད་ནང་ཇ་སོགས་ཁེངས་པར་བླུགས་པ་ལས་སྣོད་སྟོང་ལ་འཇོག་སྲོལ་མེད།

    ཉི་ཤུ་དགུའི་ཉིན་མོ་ནི་འཁྲུག་ཆ་ཤིན་ཏུ་ཆེ་ལ་ལས་སྣེ་མང་བའི་ཉིན་མོ་ཞིག་སྟེ། མི་རྣམས་ཀྱིས་ལོ་གསར་མ་རེད་ལས་གསར་རེད་ཟེར་དོན་ཡང་ནམ་རྒྱུན་མེད་པའི་ལས་སྣེ་གསར་པ་མང་པོ་ཞིག་བྱེད་དགོས་པས་ལོས་ཡིན། དེ་ཉིན་གོང་དུ་བརྗོད་པའི་ལས་ཀ་མང་པོ་དེ་འདྲ་བྱེད་དགོས་པ་མ་ཟད། ད་དུང་ལོ་གསར་པའི་ནང་དམིགས་བསལ་ཆེ་ལ་འཁྲུག་ཆ་དོད་པའི་བྱ་བ་ཆེན་པོ་ཞིག་ཡོད་པ་ནི་དགུ་ཐུག་བསྐོལ་རྒྱུ་དང་འཐུང་རྒྱུ་དེ་རེད། དགུ་ཐུག་ནི་ནམ་རྒྱུན་གྱི་ཐུག་པ་དང་མི་འདྲ་བར། ཤ་དང་། ཕྱུར་བ། གྲོ་མ། ལབ་ཕུག་གམ་སྔོ་ཚོད་ལ་སོགས་སྣེ་ཁ་དགུ་ཙམ་དགོས་པ་མ་ཟད། བག་ཕྱེས་ཉི་མ་དང་། ཟླ་བ། ལན་ཆགས་རྒྱབ་འཁུར། ཡར་མྱུལ་མར་མྱུལ། གཟེ་མ་རྭ་མགོ་སོགས་བཟོ་བ་ཕུད། ད་དུང་བག་ཐུག་ནང་དུ་སུར་པན་དང་། དཀར་ཡོལ། བལ། སོལ་བ། གྲོ་མ། ཁུ་ལུ། ཚྭ། སྲན་མ། ཤོག་བུ་སོགས་བླུགས་ཤིང་། སོ་སོའི་མཚོན་དོན་ཡང་མི་འདྲ་སྟེ། ཉི་མ་ནི་ཀུན་ལ་བྱམས་སེམས་ཆེ་བ་དང་། ཟླ་བ་ནི་སེམས་དཀར་བའམ་སེམས་བཟང་བ། ལན་ཆགས་རྒྱབ་འཁུར་ནི་ལོ་གསར་པའི་ནང་ལན་ཆགས་ཀྱི་ཕྲུ་གུ་ཡོང་ཉེན་ཡོད་པ། ཡར་མྱུལ་མར་མྱུལ་ནི་བློ་མི་བརྟན་པ། གཟེ་མ་རྭ་མགོ་ནི་ཀུན་དང་མི་མཐུན་པ། སུར་པན་ནི་ཁ་ཚ་བའམ་གཏམ་མང་བའི་དོན་དང་། དཀར་ཡོལ་ནི་ཟས་ལ་དགའ་ཞིང་ལས་ལ་གཡོལ་འགྲོ་བ། བལ་ནི་བློ་སྣ་རིང་བའམ་རང་གཤིས་འཇམ་པོ། གྲོ་མ་ནི་ཁ་དྲོ་བ། ཁུ་ལུ་ནི་བློ་སྣ་ཐུང་བ། ཚྭ་ནི་རྐུབ་ལྕི་བ་སྟེ་སྒྱིད་པ་སྐྱུར་བ། སྲན་མ་ནི་རྡོག་སྒྲིལ་པོའམ་རང་དོན་ལ་འཇོན་པ། ཤོག་བུ་ནི་ལག་པ་གཙང་མ་མེད་པ་སྟེ་རྐུ་མ་ཤུབ་ཤུབ་ལ་རྐུ་བ་སོགས་མཚོན།

    དགུ་ཐུག་མ་འཐུང་གོང་རྫ་སྣོད་ཟད་པོ་ཞིག་ཏུ་གླུད་རྫས་སུ་སྦང་མ་དང་། ཇ་རོ། སྲན་མ་བཙོས་མ། ལབ་ཕུག་གི་ལབ་རོ། དེ་བཞིན་སྐྲ་ཤད་ཟད་པོ་གཅིག་བཅས་བླུགས་པའི་སྟེང་། སོག་མ་མཛུབ་མོའི་རིང་ཐུང་ཙམ་བཅད་པ་རྐང་བཞི་ལྔ་ཙམ་རེ་བྱས་ཏེ་རྒྱ་གྲམ་གྱི་དབྱིབས་ལྟ་བུ་བཟོས་པ་རྣམས་རེ་རེ་བཞིན་སྐུད་པའི་ཐོག་དགུ་འབྲེལ་བ་ཞིག་བཟོས་ཏེ་གླུད་རྫས་སུ་འཇོག་དགོས་པ་ཡིན། གཞན་ཡང་དྲི་གླུད་བྱ་ཆེད་རྩམ་པའམ་གྲོ་ཞིབ་ཀྱིས་མི་རེ་རེར་སྤགས་ཀོང་རེ་བཟོས་དགོས་པ་དང་། གླུད་རྫོང་སྐབས་སུ་མེ་སྒྲོན་བྱེད་སྐུད་པས་བསྡམས་པའི་སོག་མའི་ཕོན་པོ་མི་ཆུང་ཙམ་ཞིག་དགོས་པ་ཡིན། དགུ་ཐུག་འཐུང་སྐབས་སྔོན་ལ་ཕོར་པ་གང་འཐུང་དགོས་པ་མ་ཟད་དེའི་ནང་ནས་ཕྲན་བུ་ཞིག་གླུད་རྫས་སུ་འཇོག་དགོས་པ་དང་། ཐུག་པ་འཐུང་སྐབས་མི་ཚང་མས་རང་རང་སོ་སོར་ཉི་ཟླའམ། བལ་དང་གྲོ་མ་སོགས་ཚོན་དོན་ལེགས་པ་གང་ཞིག་དོན་རྒྱུར་རེ་སྒུག་བྱེད། དེ་ལྟའི་ཚོན་དོན་ལེགས་པ་ཞིག་ཐོན་ཚེ་གཞན་ལ་ངོམ་སོ་བྱེད་པ་དང་། ལན་ཆགས་རྒྱབ་འཁུར་དང་ཡར་མྱུལ་མར་མྱུལ། དེ་བཞིན་སོལ་བ་དང་དཀར་ཡོལ་ལྟ་བུ་ཐོན་ཚེ་མི་གཞན་གྱིས་འཕྱ་དམོད་བྱེད་པས་འཚེར་སྣང་ཆེ་བ་ཞིག་ཡིན། གཟེ་མ་རྭ་མགོ་ཐོན་མཁན་ལ་བཟི་ཆང་ཞེས་དགུ་ཐུག་གི་རྗེས་སུ་ཆང་མང་པོ་བླུགས་སྲོལ་ཡོད།

    དགུ་ཐུག་ཕོར་པ་དང་པོ་དེ་བཏུངས་རྗེས་ཕོར་པའི་ནང་ཆེད་དུ་འཇོག་པའི་ཐུག་ལྷག་དེ་ནས་གླུད་སྣོད་དུ་་ཐིགས་པ་དགུ་བླུགས་དགོས་པ་དང་། དེ་ནས་སྔོན་ནས་གྲ་སྒྲིག་ཟིན་པའི་དྲི་གླུད་ཀྱི་སྤགས་ཀོང་ནས་མི་རེ་རེས་ཆན་བུ་རེ་བླངས་རྗེས། སྤགས་སྦར་མོའི་ནང་དུ་བཙིར་ཙམ་གྱིས་མཛུབ་མོ་ལྔ་པོའི་དཔར་རྗེས་གསལ་བ་བྱས་ཤིང་། རང་རང་གི་མགོ་བོ་ནས་རྐང་པ་བར་སྦྱོར་ཙམ་སྦྱོར་ཙམ་བྱས་རྗེས། ལོ་གཅིག་ཟླ་བ་བཅུ་གཉིས་ཞག་མ་སུམ་བརྒྱ་དྲུག་བཅུ། ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ། བགེགས་དང་བར་ཆད་ཚང་མ་ཁྱོད་ཀྱིས་འཁུར་ཞིག་ཅེས་བརྗོད་རྗེས་གླུད་སྣོད་ནང་བླུགས་དགོས་ཤིང་དེ་ལ་དྲི་གླུད་བྱས་པ་ཟེར། དེ་ནས་སྐྲ་ཤད་དེས་སྐྲ་ཤད་ཙམ་ཤད་ཙམ་བྱས་རྗེས་གླུད་རྫས་སུ་འཇོག་དགོས།

    གླུད་རྫོང་ཁར་ཁྱིམ་ཚང་དེའི་སྒོ་ཚང་མ་ཡངས་པོར་ཕྱེ་དགོས་ཤིང་། ཁྱིམ་མི་གཅིག(མང་ཆེ་བ་བུད་མེད་ཀྱིས་འཁྱེར་སྲོལ་ཡོད)གིས་གླུད་འཁྱེར་ཏེ་སྔོན་ཙམ་འགྲོ་བ་དང་། དེ་རྗེས་སྐྱེས་པ་ཕོ་ཞིག་གིས་སྔ་ས་ནས་གྲ་སྒྲིག་ཟིན་པའི་སོག་ཕོན་ལ་མེ་བསྒྲོན་ཏེ་སྡོད་ཁང་རེ་རེ་བཞིན་གྱི་ནང་དུ་སོང་ནས“མར་ལ་དོན་ཤོག མར་ལ་དོན་ཤོག”(མི་ཕྱུགས་ལ་འཚེ་བར་བྱེད་མཁན་གྱི་བདུད་འདྲེ་རྣམས་མར་ལ་དོན་ཤོག་ཟེར་བའི་དོན)ཟེར་བཞིན་གླུད་འཁྱེར་འགྲོ་མཁན་དེའི་རྗེས་ལ་འགྲོ་དགོས་པ་དང་། དེའི་རྗེས་ལ་ཤོག་སྦག་འཁྱེར་མཁན་དེས་ཤོག་སྦག་འཁྱེར་ཏེ་རྒྱལ་སྒོའི་ཕྱི་ལ་སླེབས་པ་དང་ཤོག་སྦག་ལ་མེ་བསྒྲོན་ཏེ་གླུད་རྫོང་དགོས།

    གླུད་རྫོང་མཁན་རྣམས་ཁྱིམ་ནས་ཐོན་གྲུབ་རྗེས། ཁྱིམ་འཛིན་ནམ་ལོ་ན་ཅུང་མཐོ་བའི་བུད་མེད་ཅིག་གིས་རག་སྐྱོགས་ནང་འཁྱེར་བའི་ཆུ་དེ་ནས་ཀླུད་རྫོང་མཁན་ཚོའི་རྗེས་ལ་གཏོར་ཙམ་གཏོར་ཙམ་བྱེད་དགོས་པ་དང་། བུད་མེད་གཞན་ཞིག་གིས་རྩམ་སྣོད་ཆུང་ཙམ་ཞིག་ནང་རྩམ་པ་འཁྱེར་ཏེ་རྒྱལ་སྒོའི་སྒོ་ཁར་གླུད་རྫོང་མཁན་རྣམས་སྒུག་སྟེ་སྡོད་དགོས། གལ་ཏེ་ཁྱིམ་ཚང་ཞིག་ལ་མི་ཆ་མང་པོ་མེད་ཚེ་བུད་མེད་གཅིག་གིས་ཆུ་དང་རྩམ་པ་མཉམ་དུ་འཁྱེར་ཏེ་གཅིག་ལྕོགས་བྱེད་སྲོལ་ཡོད།

    གླུད་རྫོང་མཁན་རྣམས་ཁྱིམ་ནས་དོན་ཏེ་རང་རང་སོ་སོའི་ཁྱིམ་དང་མི་རིང་བའི་ལམ་གསུམ་མདོ་ཁའི་གླུད་གཡུག་སའི་བར་ཕྱི་མིག་ལྟ་མི་རུང་། གལ་ཏེ་ཕྱི་མིག་བལྟས་ཚེ་ཁྱིམ་ཚང་སོ་སོས་ཕྱི་ལ་བརྫངས་པའི་བདུད་འདྲེ་རྣམས་ཁྱིམ་ཚང་དེའི་ནང་འཛུལ་འགྲོ་བ་ཡིན་ཟེར་སྲོལ་ཡོད། དེ་ནས་གླུད་རྫོང་སའི་ལམ་གསུམ་མདོ་ཁ་དེར་འབྱོར་རྗེས། གླུད་འཁྱེར་མཁན་བུད་མེད་དེས“མཐུ་ཚ་ལེ་ཡ”ཟེར་བཞིན་གླུད་དེ་ས་ལ་གཡུགས་རྗེས་མཆི་མ་ཞིག་འཕངས་དགོས་པ་དང་། མེ་འབར་བའི་སོག་མ་དེ་གར་གཡུགས་རྗེས་ཁྱིམ་དུ་ལོག་འགྲོ་བ་ཡིན། ཤོག་སྦག་སྤར་མཁན་གྱིས་དེ་གར་ཤོག་སྦག་སྤར་ཏེ་ཤོག་སྦག་རྫོགས་མཚམས་རང་ཁྱིམ་དུ་ལོག་འགྲོ་བ་དང་། དེ་དུས་རྒྱལ་སྒོའི་ཁར་སྒུག་སྟེ་ཡོད་པའི་ཁྱིམ་འཛིན་མའམ་བུད་མེད་དེས་ལག་གི་རྩམ་པ་ནས་གླུད་བརྫངས་ཏེ་ལོག་ཡོང་བའི་མེ་རེ་རེ་བཞིན་གྱི་དཔུང་པར་རྩམ་པའི་དཀར་རྟགས་འཐེན་ཏེ། ལོ་གཅིག་ཟླ་བ་བཅུ་གཉིས་ཞག་མ་སུམ་བརྒྱ་དྲུག་བཅུའི་རིང་གི་བགེགས་དང་བར་ཆད་ཚང་མ་གླུད་དང་མཉམ་དུ་ཕྱིར་བརྫངས་པའི་བཀྲ་ཤིས་རྟེན་འབྲེལ་མཚོན་པར་བྱེད།

    དེ་རྗེས་ནང་མི་རྣམས་ཁྱིམ་དུ་འབྱོར་རྗེས་མུ་མཐུད་དགུ་ཐུག་འཐུང་བ་དང་། དགུ་ཐུག་ནང་ནས་ཅི་ཞིག་དོན་རྒྱུར་རེ་སྒུག་དང་། ལེགས་པ་ཞིག་དོན་ཚེ་དགའ་སྣང་དང་བཅས་ངོམ་སོ་བྱེད་པ་དང་། ཞན་པའམ་སྡུག་པ་ཞིག་ཐོན་ཚེ་རྩེད་མཚར་གྱིས་འཕྱ་བའི་ཚུལ་བྱས་ཏེ་ཁྱིམ་ཚང་ཧྲིལ་བུ་འུར་ཐིང་ཐིང་དང་དགོད་སྒྲ་ལྷང་ལྷང་གི་ངང་དུ་གནས་པ་ཡིན། དགུ་རྫས་ཕུན་སུམ་ཚོགས་པར་བརྟེན། དགུ་ཐུག་གི་བྲོ་བ་ཞིམ་པའི་ཁར“དགུ་ཐུག་བཏུངས་སྟེ་ནའང་ན། དགུ་ཐུག་བཏུངས་སྟེ་ཤི་ནའང་ཤི”ཟེར་སྲོལ་ཡོད་པས། མི་མང་པོས་དགུ་ཐུག་རྒྱཌ་ཚད་འཐུང་བར་བྱེད།

    ལོ་གསར་གྱི་རྟེན་འབྲེལ་ཆེད་བསྒྲིག་བཤོམ་བྱེད་པའི་ལུག་མགོར་དང་དོད་ཆེན་པོ་བྱེད་དགོས་པ་སྟེ། རྭ་ཅོར་ཆག་སྐྱོན་ཤོར་བ་དང་ཆ་ལག་མི་ཚང་བའི་ལུག་མགོས་རྟེན་འབྲེལ་ལོག་པས་བསྒྲིག་བཤོམ་མི་བྱེད་ཅིང་། ཡག་ཤོས་བྱུང་ན་ལུག་མགོའི་སྤུ་མདོག་དཀར་གཙང་ཡིན་པའི་ཁར། རྭ་ཅོར་ཆག་སྐྱོན་ཕྲན་བུ་ཙམ་ཡང་མེད་པར་རྭ་ཅོ་དུང་ལྟར་འཁྱིལ་ཞིང་རྩེ་མོ་དགུང་ལ་ཕྱོགས་པ་ཞིག་ཡོད་དགོས། དེ་ལྟར་བྱུང་ན་གཅིག་ནས་མིག་ལ་མཛེས་པ་དང་། གཉིས་ནས་རྟེན་འབྲེལ་བཟང་བ་ཡིན། ལུག་མགོ་མ་སྒྲིག་གོང་དུ་ལུག་མགོ་མར་ཚོན་གྱིས་བརྒྱན་དགོས་པ་དང་། ལུག་མགོའི་ཁ་དང་མིག་དེ་བཞིན་འགྲམ་པ་དང་རྭ་ཅོ་སོགས་ལ་མར་ཚོན་གྱིས་མཛེས་པར་བྱས་ཤིང་། དཔྲལ་སྟེང་དུ་མར་ཚོན་གྱིས་ཉི་ཟླ་བཀོད་དེ་སྒྱུ་རྩལ་གྱི་བརྩམས་ཆོས་བཞིན་དུ་མཛེས་པར་བྱེད།

    (མུ་མཐུད་འགོད་རྒྱུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།