[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • བསྟོད་གླུ་མི་ལེན་ཅི་ལ་སྲིད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསེ་རུ།    |    སྤེལ་དུས།   2018-01-30

    གྱ་གྱུར་གྱི་འཚོ་བའི་གྲུ་ཟུར་འདི་ནས་ཁྱེད་ཀྱི་ནམ་ཟླ་རིང་མོའི་གཟི་དཔལ་ལྷང་ལྷང་དུ་འཕྱུར་བ་ཡིད་ངོར་འཆར་དུས། ཀྱག་ཀྱོག་གི་མི་ཚེའི་ལམ་ཁ་འདི་ནས་ཁྱེད་ཀྱི་འོད་སྟོང་རབ་ཏུ་འཕྲོ་བའི་མཛད་འཕྲིན་ཡངས་མོ་མིག་ངོར་འཆར་རིམ་བཞིན། ང་དང་ང་འདྲ་བའི་མཐོ་སྒང་ན་འཚོ་བཞིན་པའི་མི་བུ་ཚོས་བསྔགས་བརྗོད་ཀྱི་མཆོད་སྤྲིན་ནམ་མཁའི་དབྱིངས་སུ་གཏོར་བཞིན་སྨྲ་འདོད་པའི་སྐད་ཆ་མང་པོ་ཞིག་དབྱངས་སུ་གྱེར་ནས་རླབས་ཆེན་མེས་རྒྱལ་གྱི་ཡར་ངོའི་ཟླ་ལྟར་འཕེལ་བའི་མཛད་འཕྲིན་ཡངས་མོར་བསྟོད་གླུ་མི་ལེན་ཅི་ལ་སྲིད།

    ཟང་ཟིང་དང་དམག་འཁྲུག་གི་མུ་གེའི་གནས་སུ་གྱར་བའི་འཛམ་གླིང་ཡུལ་གྲུ་ཁག་གཅིག་གི་ཛ་དྲག་གི་དུས་བབ་མདུན་དུ་ཞི་བདེ་དང་ལྷིང་འཇགས་ཀྱི་ཟངས་གྱང་ལྕགས་རྩིག་ལས་བཞེངས་པའི་མེས་རྒྱལ་ཞིང་ཁམས་ཡངས་མོ་ཨེ་ཤེ་ཡའི་ཤར་ཕྱོགས་སུ་འགྱིང་ངེར་གནས་པ་ཡིད་ངོར་འཆར་དུས། ཤེས་དཔལ་གྱི་འདབ་ལོས་བརྒྱན་ཅིང་ཤེས་རིག་གི་རྦ་རླབས་འཕྱུར་བའི་མཐའ་ཡས་ཞིང་ཁམས་འདིའི་རྒྱན་ཆར་འོས་པའི་ཁྱེད་ཀྱི་ལང་ཚོའི་གཟི་ཉམས་ཡིད་ངོར་འཆར་རིམ་བཞིན། ང་དང་ང་འདྲ་བའི་མཐོ་སྒང་གི་བུ་ཕྲུག་ཚོས་སོས་དལ་བག་ཕེབས་ཀྱི་འཚོ་བར་རོལ་ནས་ཁྱེད་ཀྱི་ནམ་ཡང་འགྱུར་བ་མེད་པར་བརྟན་པོར་གནས་པའི་ལང་ཚོའི་བ་དན་ལ་བསྟོད་གླུ་མི་ལེན་ཅི་ལ་སྲིད།

    འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་ཅིང་འགྲན་སློང་གི་མེ་ལྕེ་འབར་བའི་དེང་གི་དུས་འདིར། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་ན་ཅི་དགར་འཚོ་བའི་མི་རིགས་ང་དྲུག་གི་སེམས་པ་དམར་པོ་ནམ་ཡང་ཁྱེད་ལ་ཕྱོགས་ནས་དུས་རབས་ཀྱི་ལམ་ཆེན་དུ་སྤོབས་སེམས་ཆེན་པོས་བགྲོད་བཞིན་པ་འདྲེན་བྱེད་ཡུལ་དུ་འཆར་དུས། དྲོ་སྐྱིད་ཀྱི་འོད་ཟེར་གང་སར་འཕྲོ་བའི་ཤར་ཕྱོགས་ལྡུམ་རའི་དབྱིངས་ན་མཚར་མདངས་བཀྲ་བའི་གངས་ལྷ་མེ་ཏོག་གི་དྲི་བསུང་འཐུལ་རིམ་བཞིན། ང་དང་ང་འདྲ་བའི་མཐོ་སྒང་གི་བུ་ཕྲུག་ཚོས་དམར་ཆུང་སེམས་པ་ནམ་ཡང་ཏང་ལ་ཕྱོགས་བཞིན་ཁྱེད་ཀྱི་རྗེས་སུ་འབྲངས་ནས་དུས་རབས་གསར་པའི་དཀའ་ཚེགས་དང་འགྲན་སློང་དུ་མ་མདུན་དུ་བསུ་བཞིན། མེ་ཚེའི་འགྲུལ་བཞུད་ཀྱི་ལམ་བུའི་སྟེང་གི་དགའ་སྐྱོ་ཆགས་སྡང་ཡོད་ཚད་གདོང་དུ་བསུས་ཏེ་ཇི་མི་སྙམ་པའི་འཚོ་བའི་ལམ་ཟུར་འདི་ནས། ཁྱེད་ཀྱི་དཀའ་སྤྱད་ཕྱག་ཟུང་ལས་བཞེངས་པའི་བླ་མེད་མཛད་འཕྲིན་ལ་བསྟོད་གླུ་མི་ལེན་ཅི་ལ་སྲིད།

    བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་ཅིང་དཔལ་ཡོན་གྱི་མེ་ཏོག་གང་སར་བཞད་པའི་དེང་གི་དུས་འདིར། སྐང་བཟང་རྫོགས་ལྡན་གྱི་ལོ་ཟླའི་ཤུལ་ལམ་རིང་མོ་ལས་མཛད་མཐའ་བྲལ་བའི་དཔལ་ཡོན་གྱི་མཚོ་མོ་འཁྱིལ་བཞིན་པའི་མཐོ་སྒང་གི་ཡུལ་གྲུ་འདི་ནས་ཤེས་རིག་པད་མའི་འདབ་ལོ་རབ་ཏུ་འཚར་ཅིང་མངའ་ཐང་སྟོབས་འབྱོར་རྒྱས་བཞིན་འབྲས་བཟང་ཅི་དགར་སྨིན་པའི་ཤར་ཕྱོགས་ལྷུན་པོའི་སྤོ་ན་འགྱིང་ངེར་ལངས་བའི་ཁྱེད་ཀྱི་མཛད་འཕྲིན་ཡངས་མོར་བསྟོད་གླུ་མི་ལེན་ཅི་ལ་སྲིད།

    ང་ཁྱེད་ཀྱི་དྲོ་ཞིང་འཇམ་པའི་པང་ན་ནམ་ཡང་འདི་ལྟར་དལ་བུར་འཚོ་འདོད་ལ། ཁྱེད་ཀྱི་ལོ་ངོ་ཁྲི་སྟོང་མང་པོའི་ངོ་མཚར་ལོ་རྒྱུས་དབྱངས་སུ་གྱེར་ནས་ཕུགས་བསམ་གྱི་གཞལ་ཡས་ཁང་ན་གྱི་ལིང་རྟ་ཕོ་ལྕག་གིས་བསྐུལ་ནས་གདོང་མཆོངས་བྱེད་འདོད། ངས་ནམ་ཡང་རླབས་ཆེན་མེས་རྒྱལ་གྱི་མཛད་ཕྲིན་ཡངས་མོར་བསྟོད་གླུ་ལེན།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།