[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • བྲེལ་ཟིང་ཁྲོད་ཀྱི་ཁྱེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   སྟག་རིག་འབྲུག་ཐར།    |    སྤེལ་དུས།   2018-01-09

    དུས་ཀྱི་རླུང་བུས་སོ་སོའི་ཕུགས་བསམ་དང་མདུན་ལམ་དཀར་པོ་ཞིག་གི་ཆེད་དུ་ང་ཚོ་བྱ་ཚང་ལྟ་བུའི་གྲོང་ཁྱེར་འདིའི་མི་ཁོམ་པའི་གནས་ས་གང་རུང་ཞིག་ཏུ་སྤྱུགས། མི་བུ་རེ་རེའི་བྱ་བའི་དགོས་དབང་གིས་འདོད་བློ་དྲོན་མོ་ཞིག་ཡིད་ལ་བཅངས་ཏེ་ཉིན་མཚན་དུས་དྲུག་ལ་འཛད་རྒྱུ་མེད་པའི་འདུར་རྒྱུག་གི་ཀློང་ན་འཕྲུལ་གྱི་འཁོར་ལོའི་འགྲོས་དང་ལྷན་དུ་མདུན་ཕྱོགས་སུ་གདོང་མཆོངས་བྱེད།

    ཞོགས་པའི་ཉི་ཟེར་ཕྲ་མོས་བ་གམ་ཁང་བརྩེགས་ཀྱི་སྒེའུ་ཁུང་བརྟོལ་ཏེ་བྲེལ་ཟིང་གི་གོམ་ཁ་དལ་གྱིས་སློང་དུས། ཁྱེད་ཀྱིས་སྟབས་བདེའི་ནངས་ཇ་ཞིག་བྲེལ་མྱུར་སྒོས་ཕོ་བར་དྲངས་རྗེས། ཡིག་ཚགས་ཕོན་ཆེན་ཞིག་མཆན་ལ་བཙིར་ཏེ་ཉིན་གང་པོའི་འཆར་གཞི་བློ་ངོར་བཀོད་དེ་གྲོང་ཁྱེར་གྱི་སྲང་ལམ་ག་གེ་མོ་ཞིག་གོམ་པས་གཞལ་བའམ་ཡང་ན། ཨང་རྟགས་ག་གེ་མོའི་སྤྱི་སྤྱོད་རླངས་འཁོར་གང་རུང་ཞིག་ལ་འདུག་ཞོར་བསམ་གཞིག་གི་ཀློང་དུ་དོགས་གནད་ཅིག་གསེད་བཀྲོལ་ལ་རྔམ་སྟེ་ཤར་རེར་གཞུང་ལས་ཁང་དུ་བསྐྱོད།

    གཞུང་ལས་ཁང་ཟེར་བའི་གུ་དོག་ཅིང་ཐོག་དཔངས་དམའ་བའི་ཁང་མིག་གཡར་མ་དེར་ཉེ་བར་བཅར་དུས། ཅོག་ངོས་སུ་བྱུར་བུར་སྤུངས་པའི་ཡིག་ཚགས་ཀྱི་ཕུང་པོར་མིག་མྱུལ་ལན་གཅིག་བྱེད་ཞོར་དབུགས་རིང་ཞིག་ཕྱུངས་ནས། བློ་རིག་རྣོ་སྐུད་གྲིམ་པོར་བསྒྲིམས་ཏེ་འདྲེན་བྱེད་ཟུང་ཤོག་དཀར་ངོས་ཀྱི་ཡི་གེ་ནག་ཆུང་གི་ཡང་སྙིང་འཚོལ་བཞིན་གནད་དོན་ཞིག་གི་མདུད་ཁ་འགྲོལ་བར་རྩོམ། ཡིག་ཆ་དང་ཡིག་ཆ་འབྲེལ་ཞིང་དོན་ཚན་དང་དོན་ཚན་འབྲེལ་བའི་སྣེ་རུ་ད་གཟོད་བྱ་ལས་ཤིག་གི་བྱེ་བྲག་གི་དོན་གནད་ཅིག་ཁ་ཚོན་ཆོད་སོང་སྙམ་པའི་དགའ་འཛུམ་ཞིག་ཁོང་ནས་ཤོར་ཏེ་མིག་མདུན་གྱི་གློག་ཀླད་གྲུ་བཞི་དེའི་སྒོ་མོ་འཕྲལ་གྱིས་ཕྱེས།

    དུས་ཚོད་ཀྱི་མདའ་ཁབ་རིང་པོའི་ཞབས་ཟུང་གི་བརྡབ་འགྲོས་དང་ཆབས་ཅིག མགོ་བོ་དུད་ཅིང་སོར་མོ་མཐེབ་གཞོང་གི་སྤང་ཐང་དུ་བང་གིས་རྒྱུག་གྲབས་བགྱིད། ཐག་ཐག་གི་རྡེབ་སྒྲ་དང་སྦྲགས། ལག་ཟུང་གིས་ཤོག་བུའི་གསེང་གི་ཡིག་ཚོགས་ཀྱི་རང་བྱུང་ཚན་པ་རེ་རེའི་ཕུ་འདེད་ཅིང་འཆར་ངོས་ཀྱི་ཤོ་རྡེའུ་ལྟ་བུའི་རེའུ་མིག་གི་ཁ་སྐོང་བར་བྲེལ། ཡིན་ཡང་བར་གླགས་འདིར་ལྟོ་བ་འཕྱིད་ཐབས་ཁོ་ནར་སྨོན་པའི་ཁོ་ཚོ་ནང་བཞིན་ལྷོད་གྱི་ལེར་འོ་ཇ་དཀར་ཡོལ་གང་འཐུང་བའི་ཁོམ་ལོང་བྲལ་ཞིང་། ཁོ་ཚོ་ནང་བཞིན་ཧ་ཧ་ཧོ་ཧོའི་བཞད་གད་ཀྱི་རྩེད་མཚར་སློང་བའི་ཁོམ་སྐབས་ཨེན་ཙམ་ཡང་ཡོད་རེ་སྐན། དེའི་མུར་ཚགས་སྒྲིག་ལེགས་པོར་བགྱིས་པའི་ཡིག་ཆའི་ཕུང་པོ་གློག་ཀླད་ཀྱི་འཆར་ངོས་སུ་ཚོམ་བུར་བསྒྲིགས་པའི་ཡིག་སྣོད་ག་གེ་མོའི་ཡན་ལག་གི་ཉིང་ལག་རེ་རེའི་ཁོང་གསེང་དུ་བཅུག

    འདི་ལྟར་བསམ་ལོང་བྱེད་ལོང་མེད་པར་དུས་ཚོད་ཀྱི་མདའ་ཁབ་ཐུང་ངུ་དེ་ཏག་ཏག་ཆུ་ཚོད་འཁོར་ལོའི་དཀྱིལ་ཐིག་ཏུ་སླེབས་འདུག རང་དོན་ཡིན་སྙམ་པའི་གཞན་དོན་ལ་ཤ་འབད་རུས་འབད་སྒོས་སྟོབས་ཤུགས་གང་ཡོད་བཏོན་པས། ད་ནི་ཉིན་དགུང་གི་དྲོས་ཇ་འཐུང་བའི་དུས་ལ་ཇི་ལྟར་ཐོན་པའང་མ་ཤེས། ཁྱེད་རང་གོམ་འགྲོས་མྱུར་མོས་ལྟོ་འདུན་ལ་འཚང་ཁ་རྒོད་པའི་མི་ཚོགས་ཀྱི་འདུ་འགོད་འཁྲིགས་པའི་དབྱིངས་སུ་འཐིམས་ཏེ་རང་གི་ཡི་གར་འཚམས་པའི་ཟས་ཐུན་སྟབས་བདེ་ཞིག་ཚམ་ཚོམ་ངང་རོལ་རྗེས་རྟབ་རྟབ་པོར་གཞུང་ལས་ཁང་དུ་བསྐྱོད་དེ་སྔ་དྲོའི་ལས་འཕྲོའི་མཇུག་སྐྱོང་བར་ལུས་སེམས་གཉིས་ཀ་འཚུབ་སྣང་གིས་ཡོངས་སུ་བཏུམས། གཞུང་ལས་ཁང་དུ་སླེབས་མ་ཐག ཚེ་གཅིག་གི་ལས་གྲོགས་སུ་གྱུར་ཅིང་རྣམ་ཀུན་མཉམ་འགྲོ་མཉམ་གཤིབ་ཏུ་བྱ་ལས་ལ་བརྩོན་པའི་ལས་གྲོགས་དག་ལ་འཛུམ་ཙམ་བྱས་ཏེ་ཡིག་ཚོགས་ཀྱི་གསེང་ལ་ལག་པ་བརྐྱངས་ཏེ་ལས་ཀྱི་འགོ་བརྩམས། འདི་ལྟར་དུས་དང་ནམ་ཞག་ཀུན་ཏུ་བསྒྲུབས་པའི་ལས་ལ་ཚར་དུས་མེད་ལ། གཞན་ལ་གཏོས་ཆེ་བའི་འབྲས་བཟང་གི་དངོས་པོ་རྡོག་རྡོག་ཅིག་ཀྱང་བཤམས་རྒྱུ་མེད་ན་ཡང་། ཉིན་མཚན་ཁོར་མོ་ཡུག་ཏུ་ཁོམ་ལོང་མེད་པའི་གྲོག་མའི་བརྟུལ་ཞུགས་འཆང་བའི་རྣམ་ཐར་འདི་ནམ་ཞིག་ལ་མཇུག་རྫོགས་སྲིད་ཨང་། ཕྱིར་འདང་རེ་བརྒྱབ་ན། གཟའ་མཇུག་གི་ངལ་གསོ་ཕུད་འདི་ལྟར་བྲེལ་ཟིང་གིས་འཚོ་བ་དོན་དུ་སུ་ཞིག་གི་ཆེད་དུ་ཡིན་ནམ།

    གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ། ཤ་དར་རུས་དར་གྱི་ཉ་གཉིས་ཉ་རྒན་ཞིག་དང་འཕྲད། ཉ་རྒན་དེས་ཉ་དེ་གཉིས་ལ“ཞོགས་པ་བདེ་ལེགས། བྱིས་པ་ཚོ། མཚོ་མོ་འདི་ཅི་འདྲ་རེད”ཅེས་བཤད། ཉ་དེ་གཉིས་ཡུན་རིང་ཞིག་ལ་མཚོ་མོར་རྐྱལ་རྗེས། དེའི་ཁྲོད་ཀྱི་ཉ་ཞིག་གིས་མ་བཟོད་པར་མཇུག་མཐར་ཉ་གཞན་པ་དེ་ལ་འདི་ལྟར་དྲིས། “མཚོ་མོ་ནི་ཅི་ལྟ་བུ་ཞིག་རེད”ཅེས་ཕྱིར་ལན་སློག གཏམ་རྒྱུད་བཤད་མཚམས་འདི་ལ་སླེབས་དུས། ན་གཞོན་ཞིག་གིས་འཚོ་བའི་ཆེད་དུ་ནངས་སྔ་ལངས་བྱས་ཏེ་གཞུང་ལས་ཁང་དུ་ཕྱིན་ནས་བྱ་བ་བསྒྲུབས་པ་དང་། དུས་ཀྱི་ཁོམ་པ་ཕྲན་བུ་བཙལ་ནས་ཁྲོམ་ལ་སོང་། ཟ་མ་བཟས། ངལ་ཕྲན་ཙམ་གསོས་པ་དང་མྱུར་བར་གཉིད་དུ་ཡུར། ཉིན་གཉིས་པ་དང་གཟའ་འཁོར་རེ་རེར་ཡང་ནས་ཡང་དུ་དེ་ལྟར་བསྐྱར་ཟློས་སྒོས་འཚོ་བའི་ཆེད་དུ་འདུར་རྒྱུགས་བྲེལ།

    བསྐྱར་ཟློས་ཀྱི་འཚོ་བའི་ཁྲོད་ནས་ད་ལྟའི་སྤྱི་ཚོགས་གསར་པའི་དུས་རབས་འདིར་གསོབ་ལྟ་བུའི་མི་འགའ་ཤས་ཀྱིས་རང་གི་དམིགས་འབེན་ཡལ་བར་དོར་ཏེ་གནས་གང་དུ་ཕྱིན་ཚེ་དེར་རྩེད་འཇོའི་ཡོ་ལང་དང་སྐྱིད་སྣང་གི་སེམས་ཁམས་ཀྱིས་འཚོ་བ་དང་། གནས་གང་དུ་བསྡད་ཚེ་དེ་རུ་བྲོ་ཞིམ་གྱི་ཟས་མཆོག་ལ་རོལ་ཐབས་འབའ་ཞིག་ལ་མགོ་བོ་འཐོམས་པའི་མི་ནི་བགྲང་ལས་འདས་པ་ཞིག་ཡོད་མོད། ཡིན་ཡང་ཁྱེད་ལྟ་བུ་ནི་དེ་ལས་ལྡོག་སྟེ། ཉི་མ་རེ་རེའམ་དུས་ཚོད་རེ་རེ་ཆ་ཤས་མང་པོར་བགོས་ཏེ་འཆར་གཞི་སྣ་ཚོགས་བཟོས་ཤིང་རེ་འདུན་ཟབ་མོ་བཀོད་དེ་བྱ་ལས་ཀྱི་ཁོང་གསེང་དུ་མགོ་བོ་ཡར་འཁོར་མར་འཁོར་ལའང་དུས་ཚོད་དཀོན་པའི་མི་བུ་རླབས་ཆེན་དག་ནི་ད་གཟོད་འཇིག་རྟེན་འདིར་མི་ལུས་ཐོབ་པའི་དོན་གོ་ཆོད་ཅིང་། སྨྲ་ཤེས་ཤིང་དོན་གོ་བའི་འགྲོ་བ་མིའི་མཚན་ཉིད་ངོ་མ་ཚང་བ་ཡིན། དེར་བརྟེན“ལྟོ་འགྲང་འབའ་ཞིག་དུད་འགྲོས་ཀྱང་། །བསྒྲུབ་པར་ནུས་པ་མ་ཡིན་ནམ། །”ཞེས་ ང་ཚོས་མི་ཚེའི་ཕུགས་འདུན་གང་རུང་ཞིག་གི་ཆེད་དུ་སང་ཞོགས་ཉི་གཞོན་འཆར་བར་བརྩོན་པའི་གོམ་ཁ་ལྷོད་མི་ཉན་པ་ནི་ད་ལྟའི་བརྡ་འཕྲིན་དུས་རབས་གསར་པས་བསྩལ་བའི་འོས་འགན་དང་མི་ཚེའི་རིན་ཐང་དོན་གཉེར་གྱི་གནད་ཀྱི་དམ་པ་ཡིན་པ་རྟོགས་དགོས་སོ། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།