[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ​དེང་དུས་ཞིང་པའི་བླ་སྲོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལྕང་བུ་ཆུང་།    |    སྤེལ་དུས།   2018-01-09

    ཕ་མཐའ་ཡས་པའི་ཞིང་ཐང་། སྐྱེ་འགྲོ་ཀུན་གྱི་འཚོ་རྟེན།

    དུས་རབས་མང་པོར་ལས་དབང་དམན་པའི་རྟ་གླང་མཛོ་གཡག་གི་བཀོལ་སྤྱོད་ལ་བྲེལ། སོ་ནམ་པའི་སྐད་གདངས་དམའ་བའི་ལས་གཞས་དང་རང་དབང་ཟད་པའི་ཕྱུགས་ཟོག་གི་རྨིག་སྒྲའི་ཁྲོད། ཡངས་པའི་ཞིང་ཐང་དོ་མི་སྙོམས་པའི་འཇིག་རྟེན་གྱི་ཁུག་ཀྱོག་ཅིག་ཏུ་རྗེས་ལུས་ཀྱི་གཉིད་ལ་ཡུར།

    འོན་ཀྱང་། ལོ་རྒྱུས་ཀྱི་འཕེལ་འགྲོས་ཤིག་ལས་སྔོན་ཐོན་གྱི་སྒུལ་ཤུགས་གསར་པ་ཞིག་ཐོན། འདྲུད་འཐེན་འཁོར་ལོ། ཁྱེད་ཡོད་པས་ད་གཟོད་ཞིང་ཐང་ཡངས་པོའི་རྗེས་ལུས་ཀྱི་རྨི་ལམ་ཁད་ཀྱིས་དཀྲོག

    རྣམ་ཀུན། ཁྱེད་ཀྱིས་ཐལ་རླུང་དང་གྲང་ངར་ཁྲོད་དཀའ་ངལ་དང་བསུན་སྣང་གི་འཁུན་སྒྲ་ཡེ་ནས་མེད་པར། འབྱམས་ཀླས་ཞིང་ཐང་ཀུན་ཏུ་ཚེ་སྲོག་གི་མྱུ་གུ་བཏབ་རྐྱེན། ཕྱུགས་ཟོག་གི་ལས་དབང་ལ་རང་དབང་སྤྲད་ཅིང་། སོ་ནམ་པའི་བཞིན་ལ་བདེ་སྐྱིད་ཀྱི་འཛུམ་མདངས་བསྣན་ལ། ཡངས་པའི་ཞིང་ཐང་གི་དཔལ་ཡོན་ཕྱོགས་བཅུར་རྒྱས་པའི་དབུ་ཡང་འདི་ནས་ཚུགས།

    འདྲུད་འཐེན་འཁོར་ལོ། ཁྱེད་ཀྱི་བློ་ཁ་ཕྱོགས་ས་ནི་འཕེལ་རྒྱས་ཀྱི་འཇིག་རྟེན་གསར་པ་ཞིག་ཡིན་པས་མུ་མེད་ཞིང་ཐང་གི་ཕང་བ་རུ་བློ་སྒོ་ཡངས་པོར་ཕྱེ་བའི་སོ་ནམ་པའི་བཀོད་འདོམས་འོག ཁྱེད་ཀྱིས་སྔོན་ཐོན་གྱི་འཁོར་ལོ་བར་མེད་དུ་བསྐོར་ཞིང་། ཚན་རིག་གི་དུང་བརྡ་ལྷང་ལྷང་དུ་གྲགས་ནས་གསེར་མདོག་གི་འབྲས་བཟང་ཞིག་ལ་རེ་འདོད་ཀྱི་བརྩོན་པ་རྒྱང་དུ་བསྲིངས་ལ། འབྱོར་འབྲིང་གི་ལམ་བུ་གོམ་ཞེང་ཆེན་པོས་འཇལ་བས། ཁྱེད་ནི་ཞིང་གྲོང་འཕེལ་རྒྱས་ཀྱི་དབང་རྩར་བཞུར་བའི་ཁྲག་རྒྱུན་དྲོན་མོ་དེ་རང་ལགས།

    དུས་རབས་གསར་པའི་ཞིང་པར་སོ་ནམ་གྱི་སྟབས་བདེ་བསྩལད་ཅིང་། ཡོང་འབབ་ཀྱི་སྲོག་ཤིང་དུ་ཞུགས་ཀྱང་། རང་ཉིད་ལ་མཁོ་བ་ནི་གསོན་ཤུགས་མི་ཉམས་པའི་ཟུངས་ཁྲག་དེ་ཁོ་ན་ལས་གཞན་ཅི་ཡང་མ་མཆིས་པས། ཁྱེད་ཀྱི་རང་དོར་གཞན་གཅེས་ཀྱི་སྙིང་སྟོབས་ལ་སོ་ནམ་པས་དགའ་མགུ་ཡི་རངས་ཀྱིས་ཐལ་མོ་རྡེབ་ཀྱི་འདུག་ལ། འགྲན་རྩོད་ཀྱི་ཚ་རླབས་ཁྲོད་དུ་ཁྱེད་ལ་བསུ་སྟོན་བྱེད་མཁན་ཡང་ཟམ་མི་ཆད། འདྲུད་འཐེན་འཁོར་ལོ། དེང་དུས་ཞིང་པའི་བླ་སྲོག མ་འོངས་པའི་དུས་ཀྱི་བགྲང་བྱ་རེ་རེར་ཁྱེད་ཀྱིས་མཐའ་ཡས་ཞིང་ཐང་གི་བུ་མོར་ལོ་ལེགས་སྙེ་མའི་ཚེ་སྲོག་གསར་པ་རེ་རེ་སྦྱིན་ངེས་ཏེ། ཁྱེད་ལ་ཚན་རྩལ་གྱི་བློ་རིག་དང་སྔོན་ཐོན་གྱི་ཀུན་སློང་ལྡན་པས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།